ཏོག་དབྱིབས་ནད་རིམས།

གྱིན་འདའ་བ།        2020-02-20

མི་སེམས་འདོད་ཧམ་གྱི་མཚོ་ཆེན།།

མི་དགོས་རླབས་རིས་དེ་རྒོད་ཅིང་།།

མི་རུང་རྒྱུ་འབྲས་ཀྱང་བརྗེད་པས།།

མི་བཟོད་ནད་རིམས་ཀྱིས་མནར་རོ།།


ནད་ཁུངས་ཕ་ཝང་ལས་མཆེད་ཅིང་།།

ནད་དུག་འཛམ་གླིང་ལ་ཁྱབ་པས།།

ནད་ཡམས་གཟུགས་མེད་ཀྱི་ལྕགས་ཀྱུས།།

ནད་པ་བདུན་ཁྲི་ལས་བརྒལ་སོང་།།


ཕ་ཝང་ནད་དུག་གི་སྡོང་བོ།།

ཕ་རོལ་འདོད་རྔམ་གྱིས་སྦོན་པས།།

ཕ་བི་ཝུའུ་ཧན་གྱི་རིམས་ནད།།

ཕ་ཡུལ་མཐོ་སྒང་ན་མཆེད་སོང་།།


སྔོན་ལས་བཅོས་ཐབས་ཤིག་དཀའ་རུང་།།

སྔོན་ནས་འཕྲལ་རྐྱེན་དེ་ཟློག་དགོས།།

སྔོན་འགོག་ཐབས་ལམ་ལ་བསྟུན་ནས།།

སྔོན་བཞིན་བདེ་ཐང་དེ་གལ་ལོ།།


ཁ་བའི་ཡུལ་གཙང་འདི་ཡིན་རུང་།།

ཁ་ཐུམ་ཚན་རིག་དང་བསྟུན་ཟེར།།

ཁ་ཁོར་དོན་ཆེན་ཞིག་མེད་ན།།

ཁ་ཁུ་སིམ་པོ་རང་སྡོད་ཟེར།།


རང་ག་མ་ཡིན་པའི་ནད་འདི།།

རང་ཡུལ་མཐོ་སྒང་ན་མཆེད་པས།།

རང་གཞན་བདེ་ཐང་གི་དོན་དུ།།

རང་ཁྱིམ་གོར་མོ་རུ་བཞུགས་མཛོད།།


གོ་ཁྲབ་སྔགས་ཚིག་དག་ཟློས་པས།།

གོ་འཕེར་གང་མཚམས་ཤིག་ལོས་ཡོད།།

གོ་རིམ་སྔོན་འགོག་དག་མེད་ན།།

གོ་འཕང་མཐོ་བ་རུང་ཅི་ཕན།།


ནད་ཀྱི་སྐྱེ་མཆེད་འདིར་མ་བྲེད།།

ནད་རིམས་གཡུལ་ས་རུ་འགྲིམ་ཞིང་།།

ནད་ཡམས་འགོག་བཅོས་ལ་འཐབ་པའི།།

ནད་གསོའི་མཁྱུད་དཔྱད་པར་བསྔགས་འོས།།


ནང་རྒྱལ་ཧྲིལ་བོ་ལ་མཆེད་ཅིང་།།

ནང་གསེས་བོད་ཡུལ་ཡང་ཟིན་ན།།

ནང་བའི་གྲུབ་ཆེན་ཚོའི་གྲུབ་རྟགས།།

ནང་དོན་ཡོད་པ་ཞིག་རན་འདུག།


ལས་ངན་ཉམ་ཆུང་གི་སྲོག་ཆགས།།

ལས་ཀྱི་ཁ་ཟས་སུ་སྦོན་ན།།

ལས་འབྲས་བསླུ་མེད་ཀྱི་བདེན་པས།།

ལས་ཀྱི་རྣམ་སྨིན་དེ་ལོས་ཡིན།།    


  • ལེ་ཚན་སྔོན་མ།:རྟའུ་ལགས། ཞུམ་ཞུམ་མ་གནང་།
  • ལེ་ཚན་རྗེས་མ།:བོད་ལྕགས་ཕོ་བྱི་བ་ལོའི་ལོ་སར་ལ་ཕུལ་བའི་མྱངས་པས་ངོམས་པ་མེད་པའི་གླུ།