ཚོར་བ་རང་ཡན་པ།

གྱིན་འདའ་བ།        2020-01-16

དོ་ཞག་དོ་ཚིགས་འདི་ལོ་ཟླ་མཚར་པོ་རེད།།

སེམས་ཁྲལ་མོད་པོ་ཡི་བྱ་གཞག་སྣོལ་མ་རེད།།

མུན་པའི་ཕོན་པོ་ཡིས་རྨི་ལམ་དཀྲོགས་པ་འདི།།

ལྟས་ངན་ལན་ཆགས་ཀྱི་རིམས་པས་གཙེས་པ་ཡིན།།

དགུན་ཟླ་རྒྱལ་མོ་ཡི་གདུག་རྩུབ་ཆེ་བ་འདི།།

བེམ་སྐོགས་བཙའ་བོ་འདི་ཙག་གིས་བཅོམ་དུས་རེད།

ཕྱི་ཡི་གྲང་བ་དག་ནང་དུ་རྒྱུ་བ་འདི།།

ཡིད་ཀྱི་གཏིང་འོབས་སུ་སྨྲེང་བ་འཁོལ་བྱེད་རེད།།

ཞེན་ཆགས་ལྷགས་རླུང་གི་བ་མོའི་རེག་བྱ་འདི།།

དྲན་པའི་རྨ་ཁ་ཡི་དྲན་པ་དཀྲུགས་བྱེད་རེད།།

ལོ་ཟླའི་གཉེར་ཁུད་ཀྱི་ཟླ་བ་བགྲེས་པོ་འདི།།

སེམས་གཅོང་མོད་པོ་ཡི་སྡུག་གི་ཟླ་བཤོལ་ཡིན།།

ལས་ཀྱི་གྲུ་ཁ་ནས་དུང་བ་རྒུམ་པ་འདི།།

སེམས་ཀྱི་གཙང་བོ་ལ་མིག་ཆུ་འཐོར་རོགས་རེད།།

བག་ཆགས་བཙན་པོ་ཡི་བཟི་ཁ་རྒོད་པ་འདི།།

ཞེ་རྩ་སྐྱ་བོ་ཡི་རྣམ་ཤེས་འགུམས་བྱེད་ཡིན།།

དྲན་པའི་ཚོར་བ་ལས་རྔུལ་ཆུ་འཛག་པ་འདི།།

སྙིང་ཆུང་དམར་པོ་འདིའི་དྲོད་ཁོལ་ཡལ་བ་རེད།།

མིག་ཆུ་ཐར་ཐོར་ཞིག་རུམ་དུ་ལྷུང་བ་འདི།།

སྨྲེང་སེམས་ཏུག་རིང་གི་སྙན་ངག་དམར་པོ་ཡིན།།

ཡིག་འབྲི་རྒྱུས་ཡོད་དག་བསྲུངས་ནས་རྫོགས་མེད་འདི།།

དུང་ཞེན་གསོན་པོ་ཡི་རུང་རྐང་འཐོར་བརྡ་ཡིན།།

ཡིད་ཀྱི་འཛུམ་ཤ་དག་རིད་པའི་བཟོ་ལྟ་འདི།།

སུ་དང་གང་ཞིག་ལ་དྲན་པའི་བརྡ་ཡིག་ཡིན།།


  • ལེ་ཚན་སྔོན་མ།:​བར་ཐག
  • ལེ་ཚན་རྗེས་མ།:​ང་ཡི་གངས་དཀར་ལྷ་མོ།