དྲན་པའི་དུང་བ།

བསོད་ནམས་གཡང་འཛོམས།        2020-01-07

འདབ་ཆགས་ཨ་ཅེ་འཇོལ་མོས༎

གསུང་སྐད་སྙན་མོ་སྒྲོག་དུས༎

ཐག་རིང་རང་ཡུལ་གནས་པའི།།

དྲིན་ཆེན་ཡབ་ཡུམ་དྲན་བྱུང་༎

མི་ཡུལ་ས་མཐར་གནས་པའི༎

བུ་མོ་བསམ་ཤེས་ང་ཡིས༎

དྲིན་ཆེན་ཡབ་ཡུམ་ཞལ་རས༎

དྲན་པའི་འཕྲིན་ཞིག་བྲིས་ཡོད༎

དྲིན་ཆེན་ཡབ་ཡུམ་བརྩེ་བ༎

བུ་མོའི་སེམས་ལ་འཁོར་ཚེ༎

མི་ཡུལ་ས་མཐའ་འདི་ན༎

ལྷན་འཛོམས་བྱུང་ན་བསམ་བྱུང་༎

གཏང་དགོས་བྱ་དགོས་ཟེར་རྒྱུ༎

མགོ་བོ་སྐྲ་ལས་མང་བ༎

ན་གཞོན་ཕ་མས་སྐྱོང་སྐྱོང་༎

སྐྱོང་མཁན་ཁག་པོ་ཡིན་འགྲོ༎

ཟས་ཞིམ་བུ་ཕྲུག་སྟེར་ཞིང་༎

གོས་འཇམ་བུ་མོར་སྒྲོན་པ༎

གང་ཡག་བུ་རྒྱུད་བྱིན་ནས༎

ཡབ་ཡུམ་དཀའ་ལས་ཆེ་སོང་༎

རང་ལས་བུ་རྒྱུད་གཅེས་པའི༎

ཡབ་ཡུམ་གཉིས་ཀྱི་བརྩེ་བ༎

ད་ཆ་ཡིད་ལ་འཆར་དུས༎

མིག་མཐར་མཆི་མ་གང་སོང་༎

བུ་མོ་གཞན་ཡུལ་སླེབས་ཀྱང་༎

ཡབ་ཡུམ་དྲན་པའི་འདུན་པ༎

དུས་ཚོད་འཁོར་ལོ་ནང་བཞིན༎

ནམ་ཡང་རྫོགས་ཐབས་མི་འདུག།

བུ་མོ་མདུན་ལམ་ཆེད་དུ༎

མི་ཡུལ་འགྲིམ་པའི་དུས་སུ༎

ས་ཐག་ཅི་ཙམ་རིང་ཡང་༎

དྲིན་ལན་ནམ་ཡང་བརྗེད་མེད༎

ད་ལྟ་མི་ཡུལ་བསླེབས་ནས༎

དྲིན་ལན་འཇལ་ཐབས་མེད་ཀྱང་༎

དྲིན་ཆེན་ཡབ་ཡུམ་རྣམ་གཉིས༎

སྐུ་གཟུགས་བདེ་མོར་གནང་རོགས༎

བྱ་དེ་ཁྲུང་ཁྲུང་དཀར་མོ༎

དགུང་ལ་ནམ་འཕང་གཅོད་དུས༎

བུ་མོའི་དྲན་པའི་དུང་བ༎

ཡབ་ཡུམ་ཕྱོགས་སུ་འཁྱེར་རོགས༎

ཆུང་དུས་ཕ་མས་གསོས་ནས༎

ཕ་མ་བཀའ་དྲིན་ཆེ་བྱུང་༎

ཆེ་ནས་རང་མགོ་ཐོན་དུས༎

ཕ་མའི་བཀའ་དྲིན་འཇལ་ཆོག།

ཡར་ངོ་ཚེས་བཟང་བཅོ་ལྔ༎

དཀར་གསལ་དུང་ཟླ་ཤར་བྱུང་༎

ང་ཡི་ཡབ་ཡུམ་རྣམ་གཉིས༎

སྐུ་ཚེ་ཁྲི་ལོ་བརྟན་རོགས༎


  • ལེ་ཚན་སྔོན་མ།:ཀུན་གྱི་ནོར་བུ།
  • ལེ་ཚན་རྗེས་མ།:ལམ་གྱི་སྔ་གཞུག་ཏུ།