སེམས་ལ་ཁ་བ་བབས་པ།

གཡེར་མོ།        2019-12-23

           A

ཉི་ནུབ་ཀྱི་ས་སྲོད་དེའི་ང་རང་ཕར་ལ་བསྐྱལ།

མཚན་མོའི་བྲང་གཞུང་གིས་བདག་སེམས་ལ་ཁ་བ་

འབབ་ཏུ་བཅུག

ཟླ་འདི་དབྱར་གཞུང་ཡིན་ཡང་།

ང་རང་འཁྱག་ཤུར་ཤུར་ཀྱི་ངང་ནས་གནས་མ་བཙལ།

སྙིང་ཉེ་བའི་མི།

          B

དཔེ་དེབ་རེའི་གསིང་ནས་ང་རང་ཕྱིར་ལོག་རྗེས།

རྒྱ་ཇ་ཕོར་གང་གི་ངལ་དུབ་བསལ་ནས། 

ལྷིང་འཇགས་མིན་པའི་ས་སྲོད་བརྒལ།

མནོ་བསམ་ཞིག་གིས།

ཚར་ལམ་མེ་དང་འཁྱག་སིབ་སིབ་ཀྱིས་ང་ལ་ཚ་འདྲི་བྱས།

          C

འོན་ཀྱང་།

སྙིང་ཉེ་བའི་མིའི་མ་འོངས་པ་ཧ་ཅང་ཞིམ་ངེས།

མཐའ་ཡས་པའི་རྩྭ་ཐང་ལ་མིག་ཟུང་ཡང་།

ད་དུང་ཡིད་དུ་འོང་བའི་མེ་ཏོག་གི་མགོ་རྒྱན་ཆ་

གཅིག་བསླས་ཏེ།

ངའི་མིག་ཟུང་གི་རིམ་དུ་བཅུག

          D

ངས་ཀྱང་གནས་དེ་རུ།

མེ་ཏོག་དང་བཅས་ལྡུམ་ར་ཞིག་བསྐྲུན་ཆོག་ལ།

ལག་པའི་ངོས་སུ་གངས་རི་ཆུང་ཆུང་ཞིག་འབྲི་ཆོག་ཨང་།

ཚིག་ཇ་ཁམ་གང་རྔུབ་རྗེས། ངས་ཀྱང་དེ་ལྟར་བསམ།

          E

འོན་ཀྱང་ཁེར་རྐྱང་གི་མཛེས་སྡུག་སད་ཀྱིས་གམ་ན་

སྙིང་ཉེ་བའི་ཉི་ཟླ་གཉིས་ཅི་འདྲའི་འཁྱག་ཨང་།

དེ་ལྟར་བསམ་རྗེས་ཡིད་སེམས་སྟོང་ལྷང་ལྷང་དུ་གྱུར།

གང་ལྟར་ངས་བརྗེད་མ་མྱོང་བའི་ཁོ་མོའི་མིང་ཡིག་

ཀྱང་འབྲི་དགོས་བྱུང་།

  • ལེ་ཚན་སྔོན་མ།:​ཟོལ་མེད་སྙིང་ན་འཛུམ་པའི་རི་མོ།
  • ལེ་ཚན་རྗེས་མ།:མུན་སེལ་སྒྲོན་མེ།