མུན་སེལ་སྒྲོན་མེ།

རྡོ་རྗེ་ལྷ།        2019-12-25

འཛམ་གླིང་གི་མུན་པ་གཏོར་བའི་འོད་ཆེན་གྱི་རྟ་བདུན་དབང་བོ།།

མི་རིགས་ཀྱི་སྡུག་བསྔལ་སེལ་བའི་རླབས་ཆེན་གྱི་བཤེས་གཉེན་དམ་པ།།

གསར་སྐྱེས་ཀྱི་གཞོན་ནུ་མང་པོའི་བྱམས་ལྡན་གྱི་ཕ་མ་གཉིས་པ།།

ཤེས་རིག་གི་ས་གཏེར་ལྟ་བུའི་མཁས་མཆོག་གི་དགེ་རྒན་དམ་པ།།


མཐུན་སྒྲིལ་གྱི་སློབ་གསོའི་སྲོག་ཤིང་མཁྱེན་ལྡན་གྱི་སློབ་དཔོན་དམ་པ།།

གཞན་ཕན་གྱི་བསམ་བློ་མ་བོར་སྙིང་དབུས་ཀྱི་སྒྲོན་མེ་རྐང་གཅིག།

ཟླ་མེད་ཀྱི་གངས་རིའི་བུ་ཕྲུག་སྐྱོང་མཁན་གྱི་གངས་སེང་དཀར་མོ།།

འགྱུར་མེད་ཀྱི་ལྷག་བསམ་དྲོན་མོ་གངས་ཅན་གྱི་ལྗོངས་ལ་བཏབ་སོང་།།


གཏིང་ཟབ་ཀྱི་རྒྱ་མཚོར་འགྲན་པའི་ཤེས་ལྡན་གྱི་བཤེས་གཉེན་དམ་པ།།

དབྱར་སྐྱེས་ཀྱི་རྔ་སྒྲ་ལྟ་བུའི་སྐད་ངག་གི་ང་རོའི་གདངས་ནས།།

དགོས་འདོད་ཀྱི་ཤེས་བྱའི་བདུད་རྩི་ཕངས་མེད་ངང་ང་ཚོར་བསྩལ་བའི།།

ལྷག་བསམ་ལ་བཀའ་དྲིན་མཚོན་པའི་བསྟོད་པ་ཞིག་སྨྱུག་རྩེར་འཁྱིལ་ཡོད།།

  • ལེ་ཚན་སྔོན་མ།:སེམས་ལ་ཁ་བ་བབས་པ།
  • ལེ་ཚན་རྗེས་མ།:འཁྱག་ལྷང་ལྷང་གི་དགུན་ཁ། (ཞར་བཀོད་གསུམ།)