རྨི་ལམ་བསྒུལ་བ།

གཡེར་མོ།        2019-12-11

མལ་སའི་ནང་དུ་འཁོར་བའི་རླུང་བུ་བསིལ་མོ།།

མཚན་མོའི་འཁྱག་ལ་འབྱར་བའི་སྨུག་པ་ལང་ལོང་།།

དོ་ནུབ་ཁེར་རྐྱང་ང་ཡི་གམ་དུ་འབྱོར་ན།།

འཚོ་བའི་སྒེའུ་ཁུང་ངོས་སུ་གཞས་ཤིག་བཏང་སྟེ།།

གཞས་དེའི་སྒོ་མོ་གང་དེའི་ཡུལ་ལ་གཏད་ཆོག།

གཙང་བོ་དལ་གྱིས་བཞུར་བའི་བཞུར་སྒྲ་མ་གཏོགས།།

དོ་དགོང་ངེད་ཀྱི་སྒོ་མོ་ཁུ་སིམ་ཡིན་ན།།

དཔག་ཚད་འགའ་ཡི་མཚམས་སུ་རྒྱུ་སྐར་ཟླ་བ།།

རྨི་ལམ་འོད་ལ་འཁྲེང་ནས་དལ་མོར་ཕེབས་དང།།

གཞིས་ཀ་ར་སྐོར་ནང་དུ་མེ་ཏོག་བཞད་ཡོད།།

སྲིད་པའི་རྐང་གཉིས་སྐྱ་བོ་ཀུན་པོ་གཉིད་ནས།།

ལྷིང་འཇགས་བསྟི་བ་བདེ་བའི་མལ་དུ་གནས་ན།།

རྣམ་ཤེས་བན་དུ་གཟུགས་མེད་གྲིབ་མདངས་དམར་པོ།།

གློ་བུར་ཁྱེད་ཀྱི་མལ་སའི་སྔས་མགོར་ཕོག་ཏེ།།

ཉིད་ཀྱི་ལན་བུ་བྱིལ་བྱིལ་བྱས་ནས་བུད་འགྲོ།།


  • ལེ་ཚན་སྔོན་མ།:རྙིང་སོང་གི་ལོ་ཟླ།
  • ལེ་ཚན་རྗེས་མ།:སེམས་ཚོར་དྲོན་མོ།