སྙིང་ཉེ་ལགས།

ཁམས་རྨོངས་སད།        2019-12-04

ཆུ་བོ་བབས་ཚུལ་མི་གླེང་།།

ནམ་ཟླ་འགྱུར་ཚུལ་མི་བཤད།།

དུས་ཚོད་ཕྲན་བུ་ནང་དུ།།

སྙིང་གཏམ་མོལ་བ་དེ་ཡི།།

བྲང་དུ་ཁ་བ་བབས་བྱུང་།།

ཁ་བ་བབས་པའི་དུས་དེ།།

ཉིན་དང་མཚན་མོ་འགེར་མེད།།

སེམས་སོང་མི་དེ་རྙེད་ན།།

ལུས་སེམས་དུམ་བུར་བགོས་ཀྱང་།།

ཡིད་འགྱོད་གནང་བ་མ་མཆིས།།

འགྲོགས་ན་ཕྱི་ཐག་རིང་བའི།།

གཙང་བོའི་རྒྱུན་དང་བཞུར་འགྲོ།།

ཁ་སེམས་མཐུན་པ་བྱུང་ན།།

འཇིག་རྟེན་གང་གིས་མི་ཁོག།

བློ་བརྟན་འགྱུར་མེད་བྲག་ལ།།

ཚིག་གསུམ་དམ་བཅའ་བརྐོས་ཡོད།།

གློ་བུར་ལམ་དུ་ཆས་དུས།།

རྣམ་དག་བརྩེ་བ་ཞིག་གིས།།

མིག་ཏུ་སྦྲང་ཆར་འཁོར་བར།།

སྙིང་གིས་གཅེས་པའི་དོད་ཡིན།།

རང་དབང་སྐར་མའི་ཚོགས་ལ།།

གཏམ་པའི་འཆར་གཞི་བཅོལ་ཡོད།།

ཁ་ཐག་རིང་དྲགས་མ་གསུངས།།

མཇལ་འཕྲད་སྐལ་བ་འཆར་འོང་།།

སེམས་སོང་མཐུན་པ་བྱུང་ན།།

རི་དང་གཙང་བོས་མི་ཆོད།།

མི་སེམས་འོ་མའི་རྒྱ་མཚོ།།

འཁྱིལ་ན་དཀར་ཞིང་དྭངས་བ།།

སྙིང་ཤ་སྙིང་དུ་བརླན་ན།།

ཚེ་རབས་བསྔོ་བའི་ལམ་ཡིན།།

འཆི་ན་བྲལ་བ་སྲིད་ཀྱང་།།

གསོན་དུ་མི་བྲལ་ཁོ་ཐག།

བྲག་ལ་བརྐོས་པའི་དམ་བཅའ།།

ཚེ་རབས་ཤིག་གི་རྟེན་ཡིན།།

དགའ་ན་མཉམ་དུ་དགོད་པ།།

མི་ཚེ་འདི་ཡི་སྐྱིད་ཡིན།།

སྡུག་ན་མཉམ་དུ་བཤུམ་པ།།

སྐྱེ་ཚེ་སྔོན་མའི་ལས་ཡིན།།

འགྲོགས་འདྲིས་ཟབ་པའི་མི་ལ།།

དམ་ཚིག་ལྷག་པས་སྲུང་དགོས།།

ཡིད་ཆེས་དྲོད་མོའི་ཁེངས་པའི།།

བརྩེ་དུང་རུས་པས་སྲུང་ཆོག།

འཇིག་རྟེན་འདུ་འཛི་རྒོད་ཀྱང་།།

རང་ལ་དབང་བའི་གཏན་གྲོགས།།

མཚོ་ནང་ནོར་བུའི་འདང་ཡོད།།

ལས་དང་ལམ་གྱིས་འཕྲད་པ།།

གཏན་དུ་སླ་བ་མ་རེད།།

འུ་གཉིས་འཕྲད་པའི་ལོ་ཟླ།།

གསེར་སྲང་སྟོང་གིས་མི་ཁུག།


  • ལེ་ཚན་སྔོན་མ།:ཐ་ཚིག
  • ལེ་ཚན་རྗེས་མ།:བསམ་གཞིག