ཐ་ཚིག

ཐ་སྐར།        2019-12-04

ངའི་གཟུགས་བརྙན་བརྗེད་པར་གྱིས་ཤིག

ནམ་ཞིག་ང་ཁྱོད་དང་བྲལ་བར་ངེས།

དུས་དེར།

ཁྱོད་ལ་བཞག་པ་ནི་མྱ་ངན་གྱི་གདུང་བ།

ཁྱོད་ལ་བསྐྱུར་བ་ནི་གྱེས་བྲལ་གྱི་མིག་ཆུ།

ཁྱོད་ལ་བཞག་པ་ནི་གདངས་མི་གསལ་བའི་ཁ་ཆེམས་དམར་པོ།

ཞེ་ལ་མུ་གེ་འཚངས།

སེམས་ཁྲལ་དང་ཞེ་སྡང་གིས་སྦགས་པའི་སྐྱོ་བ།

དེ་ནི་སུས་ཀྱང་བཤད་ཤེས་པ་ཞིག་མ་རེད།


འདི་དག་ལ་བསམ་ན།

ཁྱོད་ཀྱིས་སྔ་མོ་ནས་ངའི་གཟུགས་བརྙན་བརྗེད་པར་གྱིས།

དྲན་ཡུལ་དུ་ཤར་མི་སྲིད་པ་མི་སྣ་ནང་བཞིན།


གྱེས་པ།


རྣམ་ཤེས་ལ་བསྟི་གནས་མེད།

གཙང་བོ་ལྟར་བཞུར་གྱིན་ཡོད།

མཚན་མོས་ག་ལེར་གོམ་པ་སྤོ་སྐབས།

སྡུག་བསྔལ་གྱི་ཆུ་མིག་རེ་རྡོལ་ཡོང་།


ཁྱོད་ལ་བསྐུར་བའི་འཕྲིན། དང་པོ།


བརྗེད་ཐབས་ཇི་འདྲ་བྱས་ཀྱང་དྲན་ཡོང་བ་དེ་དག་གིས།

དངངས་སྐྲག་སྟེར་གྱིན་འདུག

མི་ལོ་མང་པོ་ཞིག་གི་རྗེས་ནས།

རྒས་ཉམས་ཤིག་བདག་གི་ངོ་གདོང་དང་སྐྲ་ལོ་ལས་ག་ལེར་མངོན།


རྒྱང་རིང་ལ་ཕྱིན་རྗེས།

ངས་ལག་ཟུང་ཇི་ལྟར་བསྲིངས་ནའང་།

མུན་པའི་འཇིག་རྟེན་ནས་རྒྱང་རིང་གི་ནམ་མཁར་བསྙེགས་སོང་བའི།

ཁྱེད་ཉིད་ག་ལ་ཟིན།


གཏམ་རྒྱུད་གང་མང་ཞིག

གཅིག་སྣེར་གཅིག་མཐུད་དུ་བརྐྱངས་ཡོད།


ཁྱོད་ལ་ཕུལ་བའི་འཕྲིན། གཉིས་པ།


རྟ་རྒྱབ་ནས་བཞུད་སོང་བའི་ཁེར་རྐྱང་གི་དུས་ཚིགས་ཤིག་ལ།

འཛིན་ཐབས་མེད་པའི་བདག་གི་རྟ་ཕོ།

ཁྱོད་སྡོད་སའི་ཁང་ཁྱིམ་དུ་ཡང་ཡང་ཤོར།


མཚན་མོ་རེ་རེར།

ངའི་སྒྱུ་ལུས་ཀྱི་ཕུང་པོ་ལྷིང་འཇགས་ངང་ཉལ་བ་མཐོང་མོད།

ཁྱེད་ཀྱི་སྒོ་གླེགས་བརྡུངས་ནས།

བདག་གི་སེམས་པ་ཉལ་བ་ནམ་ཡང་མཐོང་མི་སྲིད།


རྙེད་དཀའ་བའི་མཉམ་འཛོམས་ཀྱི་དུས་ཚོད་ལ།

རེ་སྒུག་མང་པོ་བྱས།

ངས་ཐུག་འཕྲད་ཀྱིས་དབུལ་བའི་ཤོག་ལྷེ་སྟོང་པ་འདིའི་ངོས་སུ།

ལྷན་འཛོམས་ཀྱིས་ཕྱུག་པའི་ཉི་ཟླ་དང་སྐར་མ་རེ་འགའ་བྲིས་ན་བསམས།


ནམ་ཞིག་ང་རང་ཤི་སོང་ཡང་།

སྨྲེ་ངག་དང་མིག་ཆུ་ཡིས་བསྐྱལ་མ་མི་བྱེད་ཅིག


  • ལེ་ཚན་སྔོན་མ།:ཡུལ་གྱི་ཞེ་ན་ཡོད་ན། ཞར་བཀོད་གཉིས།
  • ལེ་ཚན་རྗེས་མ།:སྙིང་ཉེ་ལགས།