ཡུལ་གྱི་ཞེ་ན་ཡོད་ན། ཞར་བཀོད་གཉིས།

བུ་སྣ་ཡུ།        2019-12-04

གྲོང་སྡེ་དུད་པས་བཅུད་པ།།

ཁྱེད་ལ་དགུན་ཁ་འབྱོར་དུས།།

ང་རང་ཡུལ་ལ་ལོག་མེད།།

སེམས་ལ་ཁ་བ་ཆགས་སོང་།།

ང་གཉིས་རི་ཆུས་བསྐལ་ཡོད།།

སྙིང་སྡུག་ཡར་ལུང་གཙང་པོ།།

སེམས་ཀྱི་དབུས་ལ་འཁྱིལ་རོགས།།

སྒྱིད་པུ་འགྲམ་གྱི་འོ་ཇ།།

མ་འཐུང་མི་ལོ་གཅིག་རེད།།

ཨ་མའི་ཡར་ཐོད་གཉེར་མས།།

བྱམས་པའི་དྲན་གདུང་མཚོན་ཡོང་།།

ཡིད་སེམས་ཁ་བའི་མདངས་རེད།།

ཉི་ནུབ་དམར་བོའི་ཕྱོགས་སུ།།

མིག་གིས་ལན་གསུམ་བལྟས་ཡོད།།

སྲོད་ཀ་སྒོ་ཁྱིའི་ཟུག་སྐད།།

སྐྱ་མོའི་རླུང་གིས་ཁྱེར་བ།།

ཁ་བའི་གསེབ་ཀྱི་གྲོང་སྡེ།།

རྨི་ལམ་གྲང་མོའི་ཐང་རེད།།

ལོ་ཟླ་དྲན་པས་སྲིང་དུས།།

རིང་དང་མི་རིང་མ་འབྲི།།

མི་ཡུལ་འུག་པ་ཁེར་འདུག།

ནམ་ཞོགས་གང་ལ་གནས་འཆའ།།

    ཕ་ཡུལ།

ཕ་ཡུལ་ཐག་རིང་རྒྱང་རེད།།

རིང་ཡང་རིང་རྒྱུ་མི་འདུག

སེམས་པའི་ལོགས་སུ་ཡོད་འདུག།

ཉི་མ་ནུབ་ཁའི་ཕྱོགས་སུ།།

གོམ་པ་བརྒྱབ་ནས་ཆས་འདོད།།

ཁ་པར་ནང་གི་པར་ལ།།

བལྟས་པ་གྲངས་ཀྱིས་མི་ཚད།།

སེམས་ལ་ཡོད་པའི་གྲོང་སྡེ།།

ཉིན་དང་མཚན་ལ་བཀླགས་ཡོད།།

ཁ་པར་བཞུར་ཚད་འདྲ་བའི།།

སེམས་པའི་དྲན་གདུང་སྐྱ་བོ།།

ལ་ལུང་བརྒལ་ནས་ཤོར་འགྲོ།

རང་ལ་རང་དབང་མི་འདུག།

ཕ་ཡུལ་ཕ་ཡུལ་ཟེར་དུས།།

ཕ་མའི་རྒས་གཉེར་རིག་འོང་།།

གཉེན་ཉེའི་འཛུམ་རིས་དྲན་འོང་།།

ལོ་ཟླའི་གསེབ་ནས་བོར་བའི།།

གྲོགས་པོ་ཆུང་འདྲིས་རྣམ་པ།

ད་ཚོད་གང་དུ་ཡོད་པ།།

ང་ལ་གསལ་ཁ་མི་འདུག།

སེམས་ལ་དྲན་པ་ཡོད་འདུག།


  • ལེ་ཚན་སྔོན་མ།:འཆར་འདུ་འུར་གྱི་གསང་ལེན།
  • ལེ་ཚན་རྗེས་མ།:ཐ་ཚིག