ཉི་མའི་མདངས་ལ་འཁུ་བའི་མ་ཡུམ་སློབ་གྲྭ།

བློ་བཟང་བརྩོན་འགྲུས།        2019-11-29

སྤྲིན་དཀར་མེ་ཏོག་གིས་དབུས་ནས་བརྒྱན་ཞིང་།། 

ལྗང་མདོག་གཡུ་ལོ་ཡིས་འདབ་ནས་དཀྲིས་པའི།། 

ཀྱེ་ཀྱེ་ལྷ་ཡུལ་གྱི་ཉམས་དགའ་འཕྲོག་བྱེད།། 

ཚུར་ཤོག་ཚུར་ཤོག་ཅིག་འདི་ལ་གཟིགས་དང་།། 


བི་ཤྭ་ཀརྨ་ཡི་པིར་གྱིས་བཞེངས་པའི།། 

རྟོགས་བཏགས་འཁྲུལ་སྣང་གི་ལྷ་ཡི་གྲོང་ཁྱེར།། 

གནས་མཆོག་མདོ་ཁམས་ཀྱི་སྤོ་འབོར་སྒང་ལ།། 

ཨ་ཙི་ཨ་ཙི་འདི་བབས་པ་ཨེ་ཡིན།། 


གསེར་མདོག་ཉིན་བྱེད་ཀྱི་བུ་མོའི་གར་གྱིས།། 

མེ་ཏོག་ཁྲོམ་ཆེན་གྱི་ཟེའུ་འབྲུ་འཛུམ་པས།། 

དབྱངས་གསལ་རྒྱུད་མངས་ཀྱི་སྐུད་པ་དཀྲོལ་མཁས།། 

རི་ཚོགས་ལྷུན་པོ་ཡི་དབུས་ན་བརྗིད་པ།། 


སྨུག་སྤྲིན་ཤེལ་དཀར་གྱི་སྐ་རགས་མདུད་པས།། 

སྔོ་ལྗང་རྩི་ཤིང་གི་ལ་བ་བཅིངས་འདྲའི།། 

རི་སྐྱེས་རི་དྭགས་ཀྱིས་རྩེད་འཇོ་རོལ་བཞིན།། 

སུམ་རྩེན་ལྷ་ཡུལ་ལ་སྙེགས་པ་སྐྱེས་ཆོག། 


ཡིད་འོང་མཚམས་སྤྲིན་གྱི་ཁང་བཟང་རྩེ་ལ།། 

རིགས་ཞེན་དཔའ་སྤོབས་ཀྱི་དར་ཆ་འཕྱར་བའི།། 

བོད་ཕྲུག་སྐར་ཚོགས་ཀྱི་མཐའ་ནས་བསྐོར་བ།། 

ཉི་ཟླའི་འོད་ཁྱིམ་གྱི་མ་ཡུམ་སློབ་གླིང་།། 


ལྷག་བསམ་དགོས་འདོད་ཀྱི་བུམ་བཟང་འདྲ་བའི།། 

མཁས་བཟང་ཁྲིམས་ལྡན་གྱི་བླ་སྤྲུལ་ཟུང་དང་།། 

དྲིན་ལྡན་དགེ་རྒན་གྱི་བརྩེ་བའི་མཚོ་ལས།། 

ཤེས་རིག་རིན་ཆེན་གྱི་གླིང་འདི་མཛེས་ཨང་།། 


ཞོགས་པར་ཅོང་བརྡ་ཡི་དབྱངས་ལ་འགྲོགས་ནས།། 

བསིལ་འཇམ་ཞོགས་རླུང་གིས་བ་སྤུ་འབྱིལ་ཞོར།། 

ཀློག་འདོན་གྲེ་འགྱུར་གྱི་དྲི་ཟའི་གླུ་ཡིས།། 

བྱ་བྱེའུ་རི་དྭགས་ཀྱི་སྨྲེང་བ་ཟ་འགྲོ།། 


མ་བསྐུལ་ལས་དབང་གིས་ལྷན་དུ་འཛོམས་ཏེ།། 

མ་བཅོས་དུང་ཞེན་གྱི་འོ་སྤྲི་ཆགས་པའི།། 

མ་ལྷད་བརྩེ་ལྡན་གྱི་སློབ་གྲོགས་ཚོ་དང་།། 

མ་འོངས་མདུན་ལམ་གྱི་རེ་བསྙེག་བཙལ་མྱོང་།། 


སྨུག་པ་བན་བུན་གྱིས་མདུན་ནས་བསྐོར་ཅིང་།། 

གྲུ་ཆར་ཐན་ཐུན་རེ་སྒོ་ལ་བབས་དུས།། 

སློབ་ཁང་གྲུ་བཞི་ཡི་སྒེའུ་འགྲམ་གན་ནས།། 

སྙན་ངག་ཐར་ཐོར་རེ་བྲིས་པ་དྲན་སོང་།། 


བྲིས་ན་སྙན་ངག་གི་ཚོར་འདུའི་འབྱུང་གནས།། 

དྲན་ན་འདས་སོང་གི་མི་ལོ་དྲུག་ལ།། 

བཤད་ན་ཐ་སྙད་ཀྱིས་མཚོན་དུ་མེད་པ།། 

དཔེར་ན་སྨྲ་བསམ་གྱི་བརྗོད་འདས་ཆོས་རེད།།

  • ལེ་ཚན་སྔོན་མ།:དུང་ཞེན་ན་ཆུངགི་འགྱུར་ཁུག
  • ལེ་ཚན་རྗེས་མ།:ཕྱིར་དྲན་ཐོལ་གྱིས་བླངས་བའི་དབྱངས།