བློ་བཟང་བརྩོན་འགྲུས། 2019-11-29
དུང་ཞེན་མེ་ཏོག་གིས་སྐྲ་ལོ་བསླེས་ཏེ།།
ཡིད་ཀྱི་གཙང་ཆབ་ཀྱིས་ཤ་རུས་འཁྲུད་མཁན།།
འདང་བརྩེའི་འོ་སྤྲི་ཡི་མཚོ་ཁར་བཞུགས་པའི།།
སྙིང་གི་ལྷ་མོ་ལགས་ཤིན་ཏུ་དྲན་ནོ།།
ས་སྲོས་མག་མོག་ལ་ཤུགས་གླུ་ལེན་ཞིང་།།
ཉི་ཟེར་ལམ་ལམ་དུ་འཛུམ་གྱིས་བསུ་བའི།།
སྐྲ་ལོ་ཉག་མ་རེ་རླུང་གིས་གཡོ་དུས།།
བཞིན་རས་དྭངས་གསལ་དེ་ཅི་འདྲའི་སྙིང་རྗེ།།
ཟུར་མིག་ལྷེམ་ལྷེམ་གྱི་བྱམས་བརྩེ་རང་ཐོར།།
དཀར་དམར་འཇམ་ཤ་ཡི་མེ་དྲོད་རང་འཐུལ།།
ཨ་མའི་གཉུག་གཤིས་ཀྱི་ཚན་ཁ་འབར་བའི།།
དུང་སེམས་སྙི་མོ་དེ་བརྗེད་ས་མ་རེད།།
དབྱངས་གསལ་རྨི་ལམ་གྱི་དོ་ར་འགྲིམས་ཏེ།།
མེས་པོའི་གླེགས་བམ་གྱི་ཡིག་འབྲུའི་ནང་ན།།
གཤིས་བཟང་ཡིད་འོང་གི་སྙིང་ལ་འབྱར་བའི།།
དམ་ཚིག་ཨ་ལོང་ཁྱོད་འདང་ཞིག་ཆེ་ཨང་།།
ཚོགས་དྲུག་རྣམ་ཤེས་ཀྱི་བར་ན་སིམ་པའི།།
དུང་དུང་འགྱུ་བག་གི་སྐད་ཆ་ཡོན་པོ།།
ཚོར་བའི་བཟི་ཁ་ནས་བཀྲུས་ལ་རོལ་པས།།
ཤ་རུས་པགས་གསུམ་ནས་ཡལ་བ་མ་བྱུང་།།
བརྩེ་སེམས་མེ་ཏོག་གི་ཟིལ་ཆུ་ཕྲ་མོ།།
བིམ་པའི་ཤེལ་ཕོར་གྱི་ཁ་ལ་རྩེན་པ།།
ལས་འབྲས་རྒྱུད་སྐུད་ཀྱིས་འདི་ཕྱི་བཅད་རུང་།།
ལྕེ་རྩེ་ལྗང་མདོག་ལ་བྱིལ་བྱིལ་བྱས་སོང་།།
མཛེས་སྡུག་སྤྲིན་དཀར་གྱི་རྗེས་ལ་ལྟ་ཞོར།།
ཟླ་བའི་དཀྱིལ་འཁོར་དེ་མེ་ལོང་སྣང་སྟེ།།
རི་བོ་བརྒྱ་སྟོང་གི་རྒྱབ་ངོས་དེ་ནས།།
དྲན་པ་མཚོ་ཆེན་གྱི་བང་ཁ་མ་འཐུལ།།
ཟླ་འོད་བསིལ་བསེར་གྱིས་ལྕང་ལོ་ཡོམ་ཡོམ།།
དཔེ་སྒྲོམ་གྲུ་བཞི་ཡི་ཁ་དོག་ཟུར་ན།།
ཁེར་རྐྱང་ཞེ་འདང་གི་སྨྲེང་བ་འཁུར་བའི།།
ཁྱོད་རང་ཅུང་ཙམ་ཞིག་སྐྱོ་བཞིན་ཡོད་སྙམ།།
ང་ནི་ཁུ་སིམ་གྱིས་སྒེའུ་འགྲམ་ཞིག་ན།།
སྐར་མའི་ངོ་གདོང་ལ་སྙན་ངག་བྲིས་ཏེ།།
དོ་ནུབ་ཟླ་འོད་ཀྱི་ཆང་ཕོར་ཁ་ན།།
ཁྱོད་ལ་མེ་ཏོག་གི་གཞས་ཚིག་བྲིས་ཡོད།།
རྩོམ་གསར། 10