གླིང་གི་ཕ་སར་བསྐྱོད་པའི་ཟིན་ཐོ།

སྐྱ་ཁྲ        2019-11-15

སྤྲིན་དཀར་གྱི་ཡང་སྟེང་དུ།

ཆུ་མིག་ཅིག་ཤག་ཤག་བཞུར་བའི་སྒྲ།

དྭངས་བསིལ་བསིལ་དུ་ངའི་མགྲིན་པ་བརྒྱུད་ནས།

རྩྭ་རྐང་གི་སྦུབས་སུ་འཐིམས་སོང་།


གནམ་ས་ངོས་སྦྱོར་གྱི་ལུང་པ།

འབྲོང་གི་གཤར་ལམ།

འབྲོང་ལ་བདག་པོ་རྒྱག་མཁན་དེ་སུ་རེད།

ཇག་པ་སྐོར་ཞིག་གིས་མདའ་གཞི་ཁུར་ནས་ས་ཆུ་བརྩད།

ལ་ནས་ཀི་བཏབ། ལུང་ནས་མེ་འབུད།

ཁ་དཀར་རྐྱང་ལ་ཁ་ལོ་བཏུལ་བ་ཉིན་ནས་བཟུང་སྟེ།

གེ་སར་ལ་རྟ་ཕོ་རྐྱང་ངེ་ཟེར་བ་ཞིག་ཡོད་སོང་བ་མིན་ནམ།


སོང་གིན་སོང་གིན་སྣང་བ་ཞིག་ལ།

སྐར་མ་གཞན་ཞིག་གི་སྟེང་དུ་སྤོ་བ་དང་འདྲ།

ཁ་བ་དཀར་བོའི་འཁྱགས་གྲང་།

མཚམས་དང་མཚམས་སུ་རླུང་གི་རྦ་རླབས།

རྒྱ་མཚོ་ཆེན་པོ་བསྒུལ་ནས་ཚེ་སྲོག་གི་ཁྲག་བྲུག


ས་སྟོང་རེ་ན་དགོ་བ་འགའ་རེ་བག་ཡངས་སུ་རྒྱུ་ཞིང་།

རི་སྤྱང་སྔོན་མོ་དང་འུར་རྡོ།

བྱ་རོག་གི་སྒྲོ་སྤུ་མཐུག་པོའང་ལོ་ཟླར་བརྡར་ནས་

ཟད་ཀྱིན་བདོག


སོང་གིན་སོང་གིན་རི་གླུ་སྙན་མོ་ཞིག་གྲག་འོང་།

ཝ་ཞྭ་གྱོན་པའི་བོད་དག་མ་ཞིག་རྫི་བོར་ཆས་བཞིན་ཡོད།


སོང་གིན་སོང་གིན་སྣང་བ་ཞིག་ལ།

ཕྱིར་ལོག་གིན་འདུག

གྲོང་ཁྱེར་གྱི་རྡོ་ཁང་མཐོན་པོ་དང་གད་སྙིགས།

མི་ཚོགས་ཀྱི་ཞེ་སྡང་དང་མི་གཞི།

ལྕི་ཨོང་འཐུ་བའི་ཨ་མ་རྒན་མོ་དེའི་འཁྲིས་སུ་བཅར་

གྱིན་འདུག


ཕྱིར་ལོག་གིན་འདུག

མྱགས་རུལ་གྱི་ཆུ་ཆེན་དང་ཟམ་པ།

གཙང་ཁྲུས་ལན་གཅིག་བྱ་ཆེད།

ཕྱིར་ལྡོག་གི་རྨི་ལམ་རྨི་བཞིན་རྨི་བཞིན།

ཕྱིར་ལོག་གིན་འདུག ཕྱིར་ལོག་གིན་འདུག

  • ལེ་ཚན་སྔོན་མ།:མི་ཚེའི་རིན་ཐང་བརླག་སླ།
  • ལེ་ཚན་རྗེས་མ།:འཚོ་བ་འཛུམ་པའི་དབྱངས།