མི་ཚེའི་རིན་ཐང་བརླག་སླ།

ཤར་འཇམ།        2019-11-15

བརྩོན་སེམས་ཀྱི་མེ་ལྕེ་གྱེན་དུ་འབར་མགོ་བརྩམས་ཏེ།།

རྨི་ལམ་གྱི་ལམ་ཁ་ནས་བར་ཆད་རྒྱལ་འདོད་དུས།།

ལེ་ལོ་ཡི་ཆུ་ཕྲན་ཐུར་དུ་གཡོ་ཤུགས་ཆེ་སྟེ།།

ཡང་དག་གི་ལམ་ལས་འཁྲུལ་ལམ་དུ་བསྐྱོད་ཚར་སོང་།།


རེ་བའི་ཉི་ཟེར་ནོར་འཛིན་བུ་མོ་ལ་འཕྲོས་ཏེ།།

གཡུར་ཟའི་འབྲས་བཟང་མཛོད་ཀྱི་ཁང་ལ་

གཏམས་རན་དུས།།

གཏི་མུག་གི་སྤྲིན་ནག་སྟུག་སྟོབས་ཆེན་པོའི་གསེང་ནས།།

གསེར་མདོག་གི་ཉིན་བྱེད་མུན་པའི་ཁྲོད་ནས་འཇིག་སོང་།།


ལང་ཚོའི་མེ་ཏོག་ས་རྡོས་མནན་ལ་མ་འཇིགས་ནས།།

ཡོད་ཚད་རྒྱལ་ཏེ་དེང་གི་ཚལ་དུ་བཞད་རན་དུས།།

རྣམ་གཡེང་གི་སད་དུག་ལ་འཁྱག་ངར་ཆེར་ལྡན་པས།།

མེ་ཏོག་གི་མཛེས་ཉམས་སྔར་བཞིན་མ་མཆིས་བཅོམ་སོང་།།


ཁོ་བོ་དང་གཅིག་མཚུངས་མི་བུ་མདོ་མེད་ཁ་ཤས།།

འདི་གསུམ་གྱི་བྲན་དུ་རྒྱུགས་པར་གོམས་ཆགས་དྲགས་ཏེ།།

བསམ་བློ་ཡི་ཁ་ཕྱོགས་མ་བརྟན་བདེ་ཆུང་ཞེན་ནས།།

མི་ཚེ་ཡི་རིན་ཐང་མི་ཚེའི་ཁྲོད་ནས་བརླག་སོང་།།

  • ལེ་ཚན་སྔོན་མ།:རྒོད་པོ་ལ་ཕུལ་བའི་ཚིག་གི་མེ་ཏོག
  • ལེ་ཚན་རྗེས་མ།:གླིང་གི་ཕ་སར་བསྐྱོད་པའི་ཟིན་ཐོ།