འགྱོད་གདུང་།

ཁ་བ་རྐང་གླིང་།        2016-12-08

དྲན་པ་ལག་པས་བསྔོགས་ན།

སྙིང་ལ་སྤུ་གྲི་བསྣུན་པ་ལྟ་བུའི་མནར་གཅོད་ཅིག་མྱོང་དགོས།

དགུ་གསུམ་པའི་དུས་ཚིགས་གྲང་རླུང་གི་གཙེས་པ་བཞིན།

རུས་རྐང་གི་གཏིང་རུམ་ལ་ན་ཟུག་སློང་།

ཨོ།    ལོ་ཟླ་ཆུ་མོ་བཞིན་བཞུར་བའི་ཡར་སྔོན་གྱི་ཡར་སྔོན་དུ།

ང་ནི།   མཐོ་སྒང་དུ་ལྡང་བའི་རླུང་འཚུབ་ནག་པོ་འདི་དང་འདྲ།

ང་ནི།    མཁའ་དབྱིངས་ན་རྒྱུ་བའི་སྐར་མ་སྨིན་དྲུག་ཡིན་ཚེ།

བྱང་སྐར་སྤུན་བདུན་ལྟ་བུ་ང་ཡི་ནུ་བོ།

སྨག་རུམ་གྱི་མཚན་ལམ་དུ་ཐེངས་མང་བསྐྱལ་ཞིང་།

གཡང་གཟར་གྱི་འགག་འཕྲང་དུ་གྲངས་མེད་དེད་མྱོང་ཨང་།

ང་ནི།     མཐོ་སྒང་གི་མི་ནག་དེ་ཡིན།

ང་ནི།   ང་ཡི་ནུ་བོའི་བདུད་ཨ་ཆུང་རྒྱལ་པོ་དེ་མ་ཡིན་ནམ།

ཨ།   ད་ནི་དུས་ཚིགས་ཆུ་བོ་བཞིན་རྒྱང་རིང་གི་རྒྱང་རིང་ལ་

བཞུར་ཚར་ཟིན།

ལྡོག་འབབ་གཙང་པོ་ཞིག་གང་ནས་འབབ་ཨང་།

ནམ་མཁའ་འགུལ་བ་ལྟ་བུའི་གྲང་འདར་ཞིག་བརྒྱབ་རྗེས།

སྐར་མ་ལྟ་བུའི་མིག་ཆུ་ལྷོག་ལྷོག་ཏུ་འཐོར་སོང་།

ཀྱེ་མ།   ད་ནི་སྒོར་མོ་ཞེས་པའི་ཤོག་བུ་ལ་སྐྱབས་བཅོལ་ཏེ།

འགྱོད་གདུང་འདི་དག་བཤགས་པར་འཚལ་ལོ།


  • ལེ་ཚན་སྔོན་མ།:མི་ཚེ།
  • ལེ་ཚན་རྗེས་མ།:དུས་རབས་ཉེར་གཅིག་ལ་ཕུལ་བའི་དབྱངས་རྟ།