དྲན་སྣང་ཡ་བེ་ཡོ་བེ།

གུ་དཔལ་ཤིས།        2019-11-11

དྲན་སྣང་སྤྲིན་པ་འཐིབས་པས།།

མིག་མཐར་ཁྱོད་རང་འཁོར་བྱུང་།།

ཡིད་མཐའི་རླུང་བུ་སྐྱ་བོ།།

ཁྱོད་ལ་འཕྲིན་ཞིག་སྤྲིངས་འདོད།།


ཆུ་མོ་མར་བཞུར་ཞིག་ལ།།

དྲན་པའི་འཕྲིན་ཞིག་བསྐུར་ན།།

གསེར་མིག་ཁ་དྲོ་བཀྲ་ཤིས།།

བར་ཆད་གཏོང་བར་མ་གནང་།།


སྤྲིན་པ་ལྷོ་འགྲོ་དེ་ལ།།

དུང་བའི་ཆ་ཞིག་བསྐུར་ན།།

སྦྲང་ཆར་ཟིམ་མའི་ཆར་རྒྱུན།།

ཡུལ་དེར་བསྩལ་རྒྱུ་མ་བརྗེད།།


ཨ་ཅག་སྐྱི་བསེར་རླུང་བུ།།

ཤ་གསེང་རུས་གསེང་གཡུགས་པས།།

ང་ཡི་དོན་ལྔ་སྣོད་དྲུག།

ལབ་རྩེའི་དར་ལྕེ་ཡིན་སོང་།།


སྐྱེ་བ་འདི་ཡི་རྒྱུད་སྐུད།།

འཁྲོལ་མཁན་ཁྱོད་ལས་མེད་པས།།

ཡིད་ཆུང་ལྷོད་ལ་བཞག་ནས།།

ཚོར་བའི་དྲིལ་བརྡ་ཁྲོལ་དང་།།


རྨི་ལམ་སྐྱེད་མོས་ཚལ་དུ།།

ཁྱོད་རང་རྒྱ་སེ་གད་པའི།།

ཡིད་གཞུང་བུང་བ་ཆུང་ཆུང་།།

འཕུར་ལྡིང་གར་གྱིས་སྨྱོས་སོང་།།

མཚན་མོའི་ནམ་མཁའི་མཐིལ་ན།།

སྐར་ཚོམ་བརྒྱ་ཚོགས་སྟོང་འདུས།།

མིག་གི་མཐའ་ན་ལྷུང་བའི།།

བྱང་གི་སྐར་མ་ཨ་བརྟན།།


ཁངས་སྐྱ་འཚུབ་མ་རྒོད་པས།།

དུས་ཀྱི་དགུན་ཁ་ཚེས་སོང་།།

ཞེ་ཡི་དྲན་ཆུང་ངོགས་ན།།

ཁྱོད་རང་དབུགས་བཞིན་ལྷེམ་ལྷེམ།།


ལྗོན་པའི་བསིལ་གྲིབ་ཕག་ན།།

ཁྱོད་རང་ལོ་འདབ་འཛུམ་པས།།

འཇིག་རྟེན་སད་སེར་སླེབས་རུང་།།

འཚོ་བའི་སྟོན་མཇུག་མ་ཚེས།།


གནམ་མདོག་གནག་ཀྱང་གནག་པས།།

ཡིད་ཆུང་ཇེ་འཁྱག་བུད་འགྲོ།།

ཁངས་ལོག་ཐན་ན་བྱུང་བས།།

ཡུལ་འདིར་སྨྲེང་བས་ལུས་ཡོད།།


བགྲོད་ལམ་ཨ་ཀྱོག་པ་ཀྱོག།

ཁངས་ཀྱི་ཐན་ལ་རྒྱག་པས།།

མཇལ་ཁ་ཞུ་འདོད་ཆེ་རུང་།།

འཚོ་བའི་གཞུང་ལམ་སྨག་འདུག།


མིག་གི་འཇའ་ཟིལ་ནང་ན།།

སྣང་བའི་སྟོང་གཟུགས་ཕབ་པས།།

ཆར་འཇམ་དབྱངས་ཀྱི་རོལ་མོ།།

ནམ་ཡང་ཆད་དུས་མི་འདུག།


དྲིན་ཆེ་ཨ་མ་འཛོམས་སོང་།།

སྤུན་དང་སྲིང་མོ་འཛོམས་སོང་།།

གཉེན་དང་ཉེ་འབྲེལ་འཛོམས་ཀྱང་།།

ཁྱོད་རང་འཛོམ་པར་མ་བྱུང་།།


དྲན་མཁར་རྨི་ལམ་རྫོང་ནས།།

ཡིད་ཆུང་རྟ་ཕོ་སྔོ་སྔོ།།

ཁྱོད་ཀྱི་ཉེ་གན་ཕྱིན་པར།།

ཐེངས་མ་བརྒྱ་བས་ཅི་ཚད།།


འཚོ་བའི་ན་གཞུང་ཐང་ན།།

རྩྭ་རྩེ་ཟིལ་བ་ཁྲོམ་ཁྲོམ།།

གཡང་དཀར་ལུག་ཁྱུ་ཁྱོད་ལས།།

བདག་པོ་གཞན་ལ་མི་དབང་།།


ཟོས་ན་ཡི་གར་ལྷུང་གི།

འགྲོ་ན་གོམ་ཁར་ཐོག་གི།

ཉལ་ན་ཞེ་རུ་འཁོར་བའི།།

གཉིད་ན་རྨི་ལམ་ཕབ་བྱུང་།།


སྐྱེ་ས་སྐྱེ་ཡུལ་ལུང་པ།།

སྔོན་མ་འདྲེས་འདྲེས་ཡོད་ཀྱང་།།

ད་ལམ་གཞིས་བྱེས་མ་འཛོམས།།

འཚོ་བའི་འཛུམ་ཆུང་མ་གད།།

  • ལེ་ཚན་སྔོན་མ།:སྙན་ངག་བསོར་མོ།
  • ལེ་ཚན་རྗེས་མ།:ང་ཡི་ལོ་ཟླ།