ཁ་ཆར་བུ་ཡུག་འཚུབ་དུས་ཡབ་ཡུམ་ལྷག་ཏུ་དྲན།

ཀ་ཁའི་རྒྱང་འབོད།        2019-11-06

ཉི་གཞོན་དབང་ཕྱོགས་རི་བོའི་སྤོ་ནས་འཛུམ་གྱིས་ཚེས་དུས།

ཡབ་ཡུམ་གྱི་ཞལ་ངོ་སེམས་ཀྱི་ཟབ་སར་རྟ་མཆོག་བཞིན་རྒྱུ་འོང་།

མིག་སྐྱག་ཕུར་ཙམ་གྱིས་ཕྱི་རོལ་ལ་རྒྱང་བལྟ་བྱ་སྐབས།

ཡབ་ཡུམ་གྱི་ཞལ་གདམ་དང་མཚུངས་པའི་ཉི་ཟེར།

ངའི་ཉལ་ཁང་གི་སྒེའུ་ཁུང་ནས་འཇམ་མཉེན་གྱིས་འཕྲོས་འདུག་པས།

སྣང་བ་གཟི་འོད་ཀྱིས་མྱོས་པའི་མཚམས་འདིར།

མགོ་བོ་དགྱེ་སྟེ་སྒེའུ་ཁུང་གི་ཕྱི་རོལ་ལ་ཅེར་དགོས་བྱུང་།

དེ་དུས། ཏག་ཏག་ཕྱི་རོལ་ན་བསིལ་རླུང་ལྡང་བཞིན་འདུག

བསིལ་རླུང་གི་སྟངས་སྟབས་ལ་བསམ་གཞིག་རེ་བསྐོན་དུས།

ལ་མོའི་ཕར་རྒྱབ་ཀྱི་ཁུག་སོ་ཞིག་ན།

ཡབ་ཡུམ་གཉིས་རི་འགོ་ན་ལྷགས་རླུང་གིས་བསྒུལ་བའི་དར་ལྕོག་བཞིན།

དྲན་གདུང་དང་བཟོད་བསྲན་ཀློང་ན་ཟད་ཀྱིན་ཡོད་ཨང་།

ལྷག་པར་དུ། དེ་རིང་ནམ་རྒྱུན་དང་མི་འདྲ་བར།

ཁ་བའི་འདབ་མས་བསིལ་རླུང་དང་འགྲོགས་ཏེ།

སྐྲ་ཡི་ཉག་མ་རེ་རེའི་སྟེང་ན་སྐྱ་ཆིལ་ཆིལ་དུ་ཆས་ཀྱིན་འདུག

དུས་བཞིར་ཁ་ཆར་བུ་ཡུག་གིས་མདུན་ནས་བསུས་ཤིང་།

ཡོད་ཚད་དབྱར་གྱི་དཔལ་མོའི་མཛེས་སྡུག་ལ་ལག་སྙོབ་བསྲིངས་པའི།

ནམ་ཟླའི་ཁུར་མོང་གི་རིང་ལུགས་སེམས་ངོགས་སུ་གསལ་དུས།

ང་རང་གི་སེམས་པ་འཁྱགས་ཀྱིས་བསྡམས་བྱུང་།

ནམ་དུས་འདིའི་ཁོག་ན། ནམ་ཡིན་ཡང་།

ཁ་ཆར་བུ་ཡུག་འཚུབ་དུས་ཡབ་ཡུམ་ལྷག་ཏུ་དྲན།

  • ལེ་ཚན་སྔོན་མ།:​ལྷོད་ཆགས་པའི་ངག
  • ལེ་ཚན་རྗེས་མ།:བུམ་ནང་གི་མེ་ཏོག