ཕ་ཡུལ།

གུ་དཔལ་ཤིས།        2019-10-11

སྐྱེ་འཆི་ཉི་ཟླ་འཛུམ་སའི་ཕོ་བྲང་།།

དགའ་སྐྱོ་གནམ་ངོ་འཐིབ་སའི་དྲན་ཁམས།།

ཉི་ནུབ་རྨི་ལམ་གཏང་སའི་གནས་མལ།།

ཡིད་གཞུང་འཆར་ཡན་མོད་སའི་དྲན་སྨུག།

མིག་གི་གྲིབ་མདངས་འཁོར་བའི་རྫོང་མཁར།།

སེམས་པའི་ཁ་བ་དབབ་སའི་དགུ་ཚིགས།།

སྲོད་ཀྱི་སྨྲེང་ངག་འཆོར་སའི་རུ་གྲོང་།།

དུས་ཀྱི་ཉི་མར་ལྡེ་སའི་དབྱར་གཞུང་།།

སྨུག་པའི་བྱབས་ཁྲུས་རོལ་སའི་རྫ་སྒང་།།

འཚོ་བའི་མེ་ལོང་སྨག་སའི་ནམ་མཁའ།།

དྲན་སྣང་སྤྲིན་པ་འཁྱུག་པའི་འཇའ་རིས།།

གཟུགས་མེད་སེམས་འཇུ་མཐུད་སའི་ཡིད་འོང་།།

བཟོད་མེད་རྨ་ཁར་བྱུག་པའི་ལན་ཚྭ།།

གཡེར་དྲིལ་སིལ་བ་སྙན་པའི་འབྲོག་དགོན།།

རྒྱ་ཕིབས་གསེར་ཤོག་ནབ་པའི་གཟི་འོད།།

གླེགས་བམ་བྲག་རི་བརྩིགས་པའི་རྫོང་ཆེན།།

ཆོས་དུང་རྣ་བར་བྱོ་སའི་ཁུ་བྱུག།

རྫི་གླུས་དྲན་པ་བཀུག་པའི་རི་དྭགས།།

ངལ་རྩོལ་རྔུལ་ནག་སྦང་སའི་སྦྲ་ནག།

ཚེ་སྔོན་ལས་སྐལ་འཛོམས་པའི་གཉེན་གྲོགས།།

ལྷན་འཛོམས་མདངས་ཟིལ་ངོམ་པའི་སྦྲང་ཆར།།

གྱེས་བྲལ་མིག་ཆུ་བཅུས་པའི་རྫིང་བུ།།

དུས་མཐའི་སྲོག་སྐུད་སྟུང་བའི་ས་སྲོས།།

ཚེ་འདིའི་དོན་སྣོད་སྦས་སའི་དུར་ཁྲོད།།

  • ལེ་ཚན་སྔོན་མ།:ཏིང་འཛིན་ཀློང་གི་མིག་ཆུ།
  • ལེ་ཚན་རྗེས་མ།:མ་ཡུམ་ལ་བྲིས་པའི་སྙན་ཚིག་སེང་གེ་དཀར་མོའི་འོ་མ།