དཔྱིད་ཀྱི་བདག་མོ།

ལོང་ལྐུག་གཟའ་སྨྱོན།        2019-10-04

ཟླ་གཞོན་གསར་བའི་ཡེ་ཤེས་གཞོན་ལུས་དབྱངས་ཀྱི་ལྷ་མོ་མཚོ་བྱུང་མ།།

འོ་མའི་ཆུ་གཏེར་རླབས་ཕྲེང་རྩེ་ན་མངོན་པར་འགྱིང་བའི་རོལ་སྒེག་ཅན།།

བཅུ་དྲུག་གེ་སར་ལང་ཚོས་བསྙེམས་པའི་ཆོས་ཀུན་གླུ་ལེན་མཛེས་སྡུག་མ།།

ངག་རིག་ཤེས་པའི་དབྱངས་འགྲོས་བར་ནས་ངག་གི་དངོས་གྲུབ་ཅི་འདོད་སྩོལ།།

འཇིག་རྟེན་འདི་ན་དངོས་གང་སྐྱེས་རུང་འཇིགས་པར་མི་འགྱུར་ཅི་ཞིག་མཆིས།།

དུས་ཀྱི་རྒྱ་མཚོ་ཆུ་ཐིགས་ཙམ་འགྱུར་ཆོས་རྣམས་འགྱུར་བ་སྐྱེན་པ་སྟེ།།

དབང་པོའི་ཤིང་བལ་སྟོན་སྤྲིན་ཇི་བཞིན་ཐམས་ཅད་ནམ་མཁའ་ཉིད་དུ་འགྱུར།།

སྐྱེ་རྒ་ན་འཆི་དར་རྒུད་འཕེལ་འགྲིབ་ཡོངས་འཛད་རྟག་པ་འགའ་ཡང་མེད།།

ཤིན་ཏུ་མཐོ་བོའི་རི་བོའི་ལྷུམས་སུ་བྲོས་སམ་གྲང་ལྷགས་གདུག་རྩུབ་མཚོན།།

གཏིང་དཔག་དཀའ་བའི་རྒྱ་མཚོའི་འཇིངས་སུ་གབ་བམ་ཁ་བའི་ཕྱིང་དཀར་གོས།།

ཚང་ཚིང་ནགས་ཀླུང་སྟུག་པོའི་ར་བར་ཡིབ་བམ་ཤུགས་རིང་བསེར་བུའི་སྒྲ།།

བསིལ་ལྡན་དུས་ཀྱི་ཆོམ་རྐུན་ཚོགས་ཀྱང་མ་འདུག་དཔྱིད་ཀྱིས་གར་སྟབས་བསྒྱུར།།

རི་ལུང་རྩྭ་ཐང་ཆུ་ཀླུང་ཡོངས་སུ་གཞན་ཕན་སྙིང་རྗེའི་ཞེ་སེམས་ཀྱིས།།

ཞབས་སོར་པད་དཀར་ཆུན་པོའི་འདབ་མས་བཀྲ་ཤིས་རི་མོ་ཁྱབ་པར་བཀོད།།

ཕྱི་རོལ་གཟུགས་ཀྱི་སྣང་བརྙན་མཐའ་དག་ནང་སེམས་འགྱུར་བག་དང་སྦྱར་ཏེ།།

ཚོར་འདུ་ཤུགས་དྲག་ལྷུག་པར་བརྗོད་པའི་ཕྱག་སོར་བསྐྱོད་ལ་སུ་མི་བྲེལ།།

འབྲུག་སྒྲ་དང་བཅས་ཁུ་བྱུག་བུ་མོས་སྙན་འཇེབས་ཅོ་ཀའི་དྲུག་འགྱུར་གྱིས།།

ལེགས་པར་བསུས་ཏེ་དཔྱིད་ཀྱི་བདག་མོའི་བྱམས་བརྩེའི་འོད་ཀྱི་དྲོད་འཕེལ་བས།།

སད་དང་ལྷགས་པའི་གྲང་ངར་བཅོམ་ཞིང་འཛད་མེད་སྦྲང་ཆར་སྤྲིན་གྱི་བཅུད།།

སིམ་སིམ་ཉམས་བཅས་ཟོ་ཁར་བྱོ་བས་ས་ཡི་ལྷ་མོའི་དབུགས་རྒྱུན་བསྐྱངས།།

ཁ་བའི་རྡུལ་བརྩེགས་གཙུག་ཏུ་བརྒྱན་པ་ཕྱིང་དཀར་པགས་པའི་དབུ་རྨོག་གྱོན།།

མར་གད་མདངས་འཛིན་རབ་སྔོའི་མཁའ་ལ་སྤྲིན་དཀར་བླ་གྲེ་ཕང་ཕུང་གཡོ།།

རི་ལུང་ཤར་ཤུར་ཆུ་འགྲམ་ལ་སོགས་ལུས་ཅན་ནགས་ཀྱི་དར་ཤམ་བཀླུབས།།

བརྒྱད་ལྡན་ཆུ་བོ་ཟུངས་ཁྲག་ཇི་བཞིན་ཁོར་ཡུག་རི་བོའི་གཟུགས་སུ་འཕོས།།

རྩྭ་ལྗང་མྱུ་གུ་སྐྱེ་སྟོབས་འབར་ཞིང་སྣ་ཚོགས་མེ་ཏོག་བཀྲག་མདངས་འཚེར།།

གསར་སྐྱེས་འབྲས་བུ་གཡུར་དུ་ཟ་ཞིང་འབྲུ་བཅུད་མེ་ཏོག་རྒྱན་དུ་འཕྱང་།།

ས་འཛིན་ཕྲེང་བ་ཚར་དུ་དངར་ཞིང་ལྗོན་ཤིང་གཡུ་ལོ་ཐགས་སུ་བཀྲ།།

རྟ་བདུན་དབང་པོའི་གསེར་འོད་འཕྲོས་པས་ཡངས་པའི་ནེའུ་གསིང་གཅལ་དུ་བཀྲམ།།

ནོར་འཛིན་དགའ་མ་མེ་ཏོག་ཕྲེང་བའི་སྔོ་ལྗང་གོས་ཀྱིས་ལེགས་པར་གཡོགས།།

ལྟ་ན་ཡིད་འོང་འཁྲི་ཤིང་གཞོན་ནུ་གཟུགས་ལྡན་ལོ་འདབ་ནོར་གྱིས་ཕྱུག།

བསེར་བུའི་རྫ་རྔས་གངས་འཁྱགས་མལ་ལས་ནོར་འཛིན་བུ་མོ་གཉིད་ལས་སློང་།།

བུང་བའི་གཞོན་ནུ་སྙན་འཇེབས་སྒྲ་འབྱིན་རྣམ་རོལ་ཅིར་ཡང་གང་དགར་རྩེན།།

བཅུ་གཉིས་བདག་པོའི་རང་མདངས་མངོན་པས་ཚོར་བའི་རྟོགས་འགྱུ་ངག་གིས་སྐྱོམ།།

སྤྲིན་དཀར་དར་དཔྱངས་རླུང་གིས་གཡོས་བས་སེམས་ངལ་མཐའ་དག་རྒྱང་དུ་སྐྲོད།།

འབབ་ཆུས་བརྒྱན་པའི་ངུར་སྨྲིག་གོས་ཀྱིས་ཐུབ་པ་རྣམས་དང་བརྟུལ་ཞུགས་འགྲན།།

ཚང་ཚིང་ནགས་ཀྱི་གཡུ་ལོ་ལྗང་ཁུས་བེམ་རོ་ལེ་ལོའི་སྙེམས་པ་འཕྲོག།

ཆུ་སྐྱེས་འདབ་གྲོལ་བསིལ་བསིལ་རླུང་གིས་རོ་བརྒྱའི་ཟིལ་མངར་ཕྱོགས་བཅུར་ངོམ།།

བཅུད་ལ་ཆགས་པའི་རྐང་དྲུག་བུང་བས་འདོད་ལ་སྲེད་པ་ལེན་ལ་བྲེལ།།

གཡུ་ཡི་འཛིན་མར་རིན་ཆེན་བརྡལ་འདྲའི་སྨིན་པའི་ལང་ཚོ་མཐོང་གྱུར་ནས།།

འདབ་མའི་གར་དང་བསྟུན་པའི་དབྱངས་ཀྱིས་གཤོག་རྩལ་ཉམས་འགྱུར་ཡང་ཡང་སྟོན།།

ལྟ་སྐོར་ལྗོངས་སྒྱུར་ཕྱོགས་སུ་བསྐྱོད་པའི་མི་སྣ་མི་གཅིག་ཁྲི་འབུམ་གྱིས།།

གཟུགས་ཀྱི་རྣམ་པ་མིག་གིས་མ་ཟིིན་རྐང་པའི་གར་སྟབས་ལྷོད་ཏེ་གཡེང་།།

སྣག་སྨྱུག་སོར་མོའི་འདུ་བྱེད་བར་ནས་རྟོག་བཟོ་སྐྲུན་པའི་སྙན་ངག་པས།།

སྐྱིད་སྡུག་སེམས་ཀྱི་བྱུང་བ་དམར་པོ་འདྲེན་བྱེད་བྱེ་བའི་མདུན་དུ་བཤམས།།

བསིལ་འཇམ་རླུང་བུའི་རེག་བྱ་མྱངས་ཚེ་ལུས་ཀྱི་བ་སྤུ་གཟེངས་གཟེངས་བྱས།།

སྤང་ལྗོངས་སྔོན་མོའི་འཇམ་མཉེན་ནེམ་པོས་ཚེ་སྲོག་གསོན་པོའི་རེ་སྨོན་རྟོགས།།

ལྷུང་ལྷུང་གཙང་པོའི་བཞུར་སྒྲ་ཐོས་ཚེ་གཟུགས་མེད་སེམས་ལ་དཔའ་སྙིང་བསྩལ།།

སྦྲང་རྩིས་རབ་མྱོས་བུང་བ་ཇི་བཞིན་རོ་བརྒྱར་ལོངས་སྤྱོད་ཅིས་མི་གནང་།།



  • ལེ་ཚན་སྔོན་མ།:དྲིན་ཆེན་ཏང་ལ་བསྟོད།
  • ལེ་ཚན་རྗེས་མ།:རྒྱའི་གནའ་བོའི་སྙན་ངག་བོད་འགྱུར་མ་བཅུ།