གྲུ་ཤན་ཡིན་ན་བསམ་བྱུང་།

གུ་དཔལ་ཤིས།        2019-08-07

དྲན་གདུང་གི་རྣ་བར་སྐྱོ་གཞས་འཁྱག་པ་ལྷང་ལྷང་དུ་ནམ་གུང་ལ་གྲག་བྱུང་།

ངས་ནི་མཚན་སྨག་གྱོན་ནས་འུག་པའི་ཚུལ་གྱིས་སྨྲ་བ་མེད་པར་ཁྱོད་ལ་གཡེང་།

དཀར་འོད་འཕྲོ་བའི་ཁ་པར་ངོས་སུ་མིག་ཟུང་ཅེར་ནས།

གཤོག་པ་ཐོགས་པའི་ཡིག་འབྲི་ཁྱུ་ཞིག་ཁྱོད་ཀྱི་ཕྱོགས་སུ་འཕུར་འདོད་ཆེ་རུང་།

སྒྲོག་དང་གཟེབ་དྲྭར་ཚུད་པའི་རྨི་ལམ་འདིའི་འོག་ནས་འཕུར་ཐབས་མ་བྱུང་།

ལན་ཆགས་ཀྱི་སྐྱེ་འཆིའི་གཙང་བོ་བཞུར་ན་བཞུར་དུ་ཆུགས།

ལོག་མལ་དུ་ཁངས་སྐྱ་ཡི་འཚུབ་མ་སྤུར་ན་སྤུར་དུ་ཆུགས།

འོང་ཏང་། ཁ་མི་གྲག་པའི་རྨི་ལམ་ལ་བགྲེས་རྒུད་བྱུང་བའི་མཚན་མོ་དེར།

ཅི་ཞིག་གིས་གློ་རྡེག་ཏུ་ཁྱོད་རང་དྲན་དགོས་བྱུང་ངམ།

མཚན་སྨག་ལྗིད་ཏིག་གེ་ཧྲེང་ངེ་ནག་ཡོམ་ཡོམ་གྱིས་འགྲེངས་འདུག

མི་ཚོགས་ཀྱི་སྔུར་བས་མཚན་སྨག་གི་གསང་དབྱངས་འཁྲོལ་བཞིན་ཡོད་དམ།

ཁྱོད་ཀྱང་དབྱངས་རྟ་ཟའི་ལྷོད་བག་གིས་རྨི་ལམ་གྱི་རྒྱ་མཚོ་རྒལ་བཞིན་ཡོད་དམ།

ང་ནི་དེ་ཡི་ངོགས་ན་སྐྱོམ་བཞིན་པའི་ཀོ་གྲུ་ཆུང་ཆུང་དེའི་གྲུ་ཤན་ཡིན་ན་ཅི་མ་རུང་།

  • ལེ་ཚན་སྔོན་མ།:འགྱུར་ལྡོག
  • ལེ་ཚན་རྗེས་མ།:དུང་ཞེན་ཚིག་གི་མདུད་པ།