ས་སྲོད་ཀྱི་དྲན་པ་བསྒུལ་བའི་གླུ།

​བྲན།        2019-08-02

སྤྱི་ལམ།

རང་བྱུང་བཞིན་གྱི་ཟླ་ཤེལ་མནྡ་ར།།

ལྷུན་གྲུབ་སྒྱུ་མའི་རོལ་བ་དམ་དུ་འཛིན།།

ངག་རིག་སྒྲ་དབྱངས་སྟོང་གི་འཁོར་ལོ་མ།།

ཀུན་དགའི་དྲན་པ་མྱོས་པའི་ཤིས་པ་སྩོལ།།

ལུས་ཀྱི་བྱི་དོར་ཕྱི་ནང་གསང་བའི་ངག།

ཡིད་ཀྱི་མཚོ་མོ་སྐྱོམ་པའི་རླབས་ལ་འཁུ།།

རང་གི་གཟུང་འཛིན་སེམས་ཀྱི་འཁྲི་ཤིང་ལ།།

འཁྱུད་པའི་ལས་སྐལ་ཕྱེ་ལེབ་གང་ལ་འཕུར།།

ནོར་བུའི་དྲ་ཕྱེད་འཕྱང་བའི་སྒེག་ལྡན་པར།།

སྲིད་གསུམ་སྐྱེངས་པས་བྲེད་ཤ་རྒོད་པ་ལྟར།།

རང་སྲིད་ཉམས་ལ་གདུང་བ་འཕེལ་ན་ཡང་།།

ཐབས་ཚུལ་མན་ངག་སྟོན་ལ་ཁྱེད་ཉིད་དཔའ།།

ཡིད་འོང་སྲེད་པ་འཕེལ་བའི་ཉ་རྒྱས་བཞིན།།

ཐུན་མཚམས་སར་བའི་རྨི་ལམ་དགའ་ཚལ་མར།།

འཕྲོས་པའི་ནང་གི་ཉམས་རྟོགས་ཀུ་མུད་ཚོགས།།

བཞད་རྗེས་འདབ་ལོ་ཤིག་ཤིག་འགུལ་བ་འདྲ།།

དཀར་དམར་མདངས་ཀྱིས་མཛེས་པའི་ཞལ་རས་ལ།།

ལན་བུ་ཤམ་ཤམ་གཡོ་བའི་མཛེས་སྡུག་གིས།།

གཅིག་ཏུ་མ་ངེས་ཀུན་རྫོབ་སེམས་ཀྱི་དབྱིངས།།

རོ་གཅིག་འཛིན་མེད་སྤྲིན་པའི་གོས་སུ་བགོས།།

དྲི་བསུང་ག་བུར་ལྡང་བའི་མ་ལ་ཡར།།

རྟག་ཏུ་གནས་མལ་འཆའ་བའི་རི་དྭགས་ལ།།

འཇབ་པའི་ཆོམ་པོ་ཇི་བཞིན་གང་ཞིག་ལ།།

སྲེད་པའི་བ་ཀུ་ལ་དེ་བཞད་པར་དཀའ།།

ལྔ་ཕྲག་ལྔ་ལྡན་ཁྱེའུ་འཛུམ་པའི་མིག།

ཅིག་ཅེར་སྙེམས་པ་གང་ལ་འགྲན་བཟོད་པའི།།

དཀྱུས་རིང་ཨུཏྤལ་གཡོ་ལྡན་བུང་བའི་མིག།

ཁྱེད་ལ་མངའ་བ་མ་ཡིན་ཅི་ཞིག་ལགས།།

ཕྱོགས་ཀྱི་འདུ་འགོད་བྲེལ་བས་དོན་མཐུན་དག།

རླབས་འགྲོས་སྐྱོམ་ལས་རང་གི་གྲུ་གཡོར་ལ།།

བརྟེན་ཏེ་རང་ཡུལ་བསྙེག་འདོད་ཆེ་ན་འང་།།

གཡོ་དང་སྒྱུ་མའི་ཕྱི་བཤོལ་བྱེད་འདི་ཅི།།

ལེགས་བཤད་བརྗོད་ལ་བློ་གྲོས་རབ་ཡངས་པ།།

དྲན་དབང་ཉིད་དོ་ཅོལ་ཆུང་ངག་ཚིག་མདའ།།

གང་གི་སྙིང་ལ་བསྣུན་པའི་ཀྱལ་ཀ་ནི།།

རྨོངས་པའི་ལས་སོ་མཁས་པ་སུ་ཞིག་ལགས།།


ལྡོག་ལམ།

བྱས་པ་སྔོན་གྱི་ཤིང་བལ་མེ་ཏོག་ཕོན།།

སྟོན་གྱི་རླུང་བུས་དབྱིངས་སུ་ཁྱེར་བ་བཞིན།།

ནང་གི་ཉོན་མོངས་བ་སྤུའི་ཕྲ་ཕུང་ལས།།

ཟག་པ་སྐད་ཅིག་འཕེལ་འདི་དངོས་པོའི་གཤིས།།

འོན་ཀྱང་གཉིས་སྦྱོར་རྩེ་དགའི་རོལ་བ་ནི།།

གདུང་བའི་ཡིད་ལ་འཐད་ན་གཞན་ཅི་སྨྲས།།

དེ་བས་གཡེལ་མེད་བྱ་ར་གཅེས་སོ་ཞེས།།

གསུང་གི་ཚད་མ་ཡིད་ལ་མི་འཐད་དམ།།

ཁྱད་པར་ན་ཆུང་སྙིང་གི་ལྡིང་ཁང་ལ།།

ཡིད་སྲུབ་ཞུགས་པའི་ཆོ་འཕྲུལ་སྟོན་པ་འདྲ།།

སྒྲེན་པོར་མིག་ལ་རྒྱུ་ཞིང་འཛེམ་མེད་དུ།།

ངག་ཚིག་མི་གཅིག་ན་ཡང་རྣམ་འགྱུར་རྒོད།།

ཟུར་གྱིས་འཛུམ་པ་པདྨའི་གེ་སར་ལ།།

བུང་བའི་མཆུ་དག་བསྣུན་པའི་མྱོང་བ་ནི།།

གསལ་བར་སྟོན་པ་འདིས་ཀྱང་ཁྱེད་ཉིད་ལ།།

འོ་བརྒྱལ་ག་ཙམ་བྱས་པ་བརྗོད་དུ་མེད།།

དེས་ན་སེམས་ངལ་གསོ་བའི་བར་སྟོང་ནས།།

བཙུན་པའི་གཟུགས་ཙམ་འཛིན་པ་གང་དེ་ཡིས།།

ནང་གི་རྣམ་རྟོག་ཚོར་བའི་དབྱངས་འགྲོས་ལ།།

བཅོལ་བའི་མཆིད་འདི་རྒྱང་གི་གྲོགས་ལ་འབུལ།།

  • ལེ་ཚན་སྔོན་མ།:ཁོ་བོ། གཏད་སོ་གནམ་ལ་མི་འདུག
  • ལེ་ཚན་རྗེས་མ།:སྨོན་ཚིག་གསེར་ཞུན་མ།