ཁོ་བོ། གཏད་སོ་གནམ་ལ་མི་འདུག

        2019-08-02

ལས་དང་སྨོན་ལམ་རྡོ་གཅལ་སྒྲིག་ལྟར་བྱས་ཏེ།།

ཚོགས་དྲུག་རལ་གྲི་གློ་ཤུབས་ནང་དུ་བཅུག་མོད།།

རབ་རིབ་འཚོ་བའི་ལམ་གྱི་སྐོམ་གདུང་ཆེན་པོས།།

བདག་ནི་རྒུད་པའི་མལ་དུ་བསྟུད་མར་བསྐྱལ་བྱུང་།།

རྐང་ཆུང་བཏེགས་པའི་ཤུལ་གྱི་རི་མོ་སྣ་ཚོགས།།

ང་ལ་ཡོད་ཀྱང་མེད་ཀྱང་སྙིང་པོ་མ་རེད།།

འདི་དང་ཕྱི་མའི་ཁ་རླངས་སིབ་སིབ་འཐིབ་པའི།།

ཁངས་འཁྱག་ཟོ་བའི་སྦུབས་ཀྱི་རྣམ་ཤེས་ཁྲ་ཁྲ།།

ངོས་ཀྱི་བར་སྣང་འདྲ་བའི་སྨིག་རྒྱུའི་སྒམ་དུ།།

ཕྱི་ཡི་འཛིང་རྩོད་མེད་ཀྱང་སྐྲ་ལོ་རྒས་སོང་།།

མི་རྟག་གོད་ཁ་འཚུབ་པའི་ལུས་ཀྱི་ཞལ་འབག།

ཆག་སྒོའི་ཟམ་དུ་བཅུས་པའི་ཉ་མོ་ཞིག་ཡིན།།

རླུང་དང་ཐེ་ཚོམ་འདྲེས་པའི་འཆི་འཕོའི་འོད་རླབས།།

མེ་སྟག་འཕྲོ་བའི་ཆུ་ལས་ཧང་ཧང་མཆེད་དེ།།

ཞེ་བློ་གཏད་སོ་མེད་པའི་ནམ་མཁའི་མཐོངས་ལ།།

རི་ཁའི་སྨུག་ཆུང་བཞིན་དུ་འཁྱིལ་ནས་འདུག་གོ།

ཅུང་ཟད་དམའ་བར་རྒྱུ་བའི་སྤྲིན་པ་དག་ནི།།

ང་དང་ལས་སྐལ་གཅིག་གི་འཕངས་པར་འདྲའོ།།

སྡེ་དགེའི་རྣོ་ངར།


  • ལེ་ཚན་སྔོན་མ།:ཁྱེད་ཀྱིས་དྲན་ནམ།
  • ལེ་ཚན་རྗེས་མ།:ས་སྲོད་ཀྱི་དྲན་པ་བསྒུལ་བའི་གླུ།