ཡིད་ཀྱི་ལྡེབས་རིས་ཧྲལ་ཧྲུལ།

འབྲོག་རུ་རྡོ་རྗེ་འཚོ། བྱ་མདོ་མར་ལོ།        2019-06-28

སྟག་མཚེར

ཤིན་ཏུ་མཐུག་པའི་མུན་པ།

མེ་ལོང་རྫུན་མ།

ཚོན་ཉེས་བྱུང་བའི་ལྡེབས་རིས།

འདི་དག་མགོ་མཇུག་བསློགས་ཏེ་བཙལ་ན།

ཁྱོད་རྙེད་ཐུབ།

ཞབས་རྗེས་ཤིག་གི་ཚུར་རོལ།

དྲན་གདུང་གི་ནམ་མཁའ་འཁྱག་ཏོ།

ལ་མོ་ཁྲི་སྟོང་བརྒལ་འགྲོ་བའི་

སེམས་ཀྱི་གཤོག་པ།


སྟག་མཚེར།

སེམས་ཀྱི་གཤོག་པ།

ཁྱོད་ནང་བཞིན་རི་རྩེ་འདི་ནས་རྨི་

ལམ་གྱིས་མནར་སོང་།

ལམ་ཕྲན་སྟེང་གི་ར་བཟི་བའི་མི།

སྙིགས་སྒམ་སྟེང་གི་ཡིག་ནོར་དང་

སྐྱག་སྦྲང་ལྡོམ་པོ།

དར་ལྕོག་དང་རླུང་རྟའི་རྒྱབ་ཀྱི་

འདམ་བག་གི་ངོ་གདོང་།


སྟག་མཚེར།

ཁྱོད་དང་འུ་གཉིས་ཀྱི་ནམ་མཁའ་

འདི་ཤིན་ཏུ་འཁྱག་ཨང་།

རི་རྩེ་འདི་རུ་ཁྱོད་གཅིག་པུས་ང་ལ་

མཐའ་མཇུག་གི་དྲོད་ཁོལ་སྦྱིན་ཐུབ་པར་སྨོན།

  • ལེ་ཚན་སྔོན་མ།:དེ་ལྟ་བུའི་ངང་མི་རྟག་དང་འཕྲད།
  • ལེ་ཚན་རྗེས་མ།:བརྩེ་དུང་ནི་ཀུ་རེ་རྩེད་པ་རེད།