ང་ཚོའི་ཐོག་མའི་བརྩེ་དུང་།

གྲུ་ཆུང་།        2019-06-10

ཁྱེད་ཀྱི་ཕྲག་པར་མགོ་བོ་བསྙེས་ཏེ།

སྙིང་གཏམ་དམར་པོ་ལྷོག་ལྷོག་བཞུར་དུས།

ངས་ཁ་ཞེ་གཉིས་མེད་ཀྱི་སྙིག་གཏམ་མཐའ་དག

བཤད་ས་ཁྱོད་ལས་གཞན་སུ་སྙམ་ཡོད།


ཁྱོད་ཀྱིས་ང་ཉིད་ཉི་མ་བཞིན་དུ་བཀུར་ཞིང་།

རང་ཉིད་ཉི་དགའ་མེ་ཏོག་བཞིན་དུ་འཁོར་དུས།

ཡོད་ཚད་ཡིད་དུ་འོང་།

ཁྱོད་ནི་ངའི་འཇིག་རྟེན་གྱི་གོ་ལའི་སྲོག་ཤིང་བཞིན་དུ།

ངའི་ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་བསྟུན་དུས།

ཐམས་ཅད་གཅེས་སུ་འོས་པར་འགྱུར།


ཁྱོད་ཀྱིས་ང་ཉིད་རང་གི་བྲང་ལ་སྦྱར་ཞིང་།

རང་གི་སྟོད་ལྭ་ཕུད་ནས་ང་ལ་བསྐོན་ཏེ།

ལག་ཟུང་བརྐྱངས་ཏེ་དམ་པོར་འཁྱུད་དུས།

ངས་བདེ་སྐྱིད་ཅེས་པ་ནི་རང་ཉིད་ཁོ་ནས་ཚོར་སྙམ་ལ།

འཇིག་རྟེན་ཡང་ཉམས་དགའ་བ་ཞིག་ཏུ་སྣང་།


མི་ལོ་ཁ་ཤས་ཀྱི་རྗེས་སུ།

རྟག་བརྟན་དུ་སྙམ་པ་རྟག་བརྟན་ཡང་མ་ཡིན་ལ།

དམ་ཚིག་ཀྱང་ལོ་ཟླའི་རླུང་ཆེན་གྱིས་བསུབས་སོང་།


དགའ་བ་དང་བརྩེ་བ་ཇི་འདྲའི་ཟབ་ན།

དེའི་ལྡོག་ཕྱོགས་ཐ་སྙད་ཀྱི་རྣོ་ཡང་དེ་ལྟར་བུད་དེ།

ང་ཉིད་མུན་ནག་གི་རྒྱལ་མོར་བཞུགས་མྱོང་།

གཏི་མུག་གཉིད་ཀྱི་ཁ་གཏད་དུ་འགྲེངས་ནས།

ཁྱོད་ཀྱི་མིང་ནས་ཡང་ཡང་བོས་ཤིང་ཡང་ཡང་ངུས།


སྟོང་འདང་དང་འཇིགས་སྐྲག

སྨྱོན་པའི་བསམ་ཚུལ་སོགས་ཀྱིས་ང་ལ་གཡབ་མོ་མང་དུ་བྱས།

འོན་ཀྱང་ང་ཡི་དད་མོས་དང་ང་ཡི་གྲོགས་པོ།

ངའི་མཐའ་ཁོར་གྱི་རྩྭ་རྩི་ཤིང་མང་པོས།

ང་ལ་སེམས་གསོའི་བརྗེད་ཆུ་བླུད་པས།

ངས་་་་་་་།


ལྟ་བ་རྒྱང་མཐོང་གི་མིག་རྩ་བཙན་གྱིས་བཅད་དེ།

ཉན་པ་རྣ་རིང་གི་ངལ་བ་ཧུར་གྱིས་བླངས་པ་ན།

ཁྱོད་ཀྱི་འཇིག་རྟེན་གྱི་བདག་མོ་དེ།

ཁྱོད་ཀྱི་གཉའ་བར་རྟ་བཞིན་ཞོན་ཚུལ་ཐོས།

དེ་དུས་ཀྱང་ངའི་སེམས་ལ་བརྣག་པའི་སྐད་ཆ་དག

ཤེལ་གྱི་གོང་བུར་ཆགས་ནས་མིག་ཟུང་ནས་ས་གཞིའི་པང་དུ་ལྷུང་།


ཁྱོད་ཀྱང་ས་ཡི་གོ་ལར་གནས།

ང་ཡང་ས་ཡི་གོ་ལར་འཐམས་ནས།

ཉི་ཟླ་གཅིག་འདྲའི་འཁོར་སྐྱོད་དང་དྲོད་ཁོལ་ལ་རོལ་བཞིན།

དབྱང་རླུང་ཞེས་པའི་ཁ་དབུགས་གཅིག་ལ་བརྟེན་ནས།

ཚེ་སྲོག་ཅེས་པའི་འགྲུད་བཞུད་ཅིག་གི་སྣེ་ལ་འཇུས་ཏེ།

རྒྱུས་ཡོད་ཆ་མེད་དུ་གྱུར་བའི་བརྩེ་དུང་གི་ཆོས་ཉིད་ཅིག་བསླབས།


འུ་གཉིས་ཀྱི་ལོ་ཐོའི་ཤོག་གྲངས་རེ་རེ་བཞིན་འདས་རྗེས།

ཡོད་ཚད་མཉམ་འབྲེལ་དང་བཙན་སྐུལ་གྱི་ཞགས་པས་བཅིངས་ལ།

དེ་ནས་ཟུར་གསུམ་དང་གྲུ་བཞི་མའི་འཇིག་རྟེན་ཞིག་ལ་འཁྲེང་པར་གྱུར།


  • ལེ་ཚན་སྔོན་མ།:བརྩེ་བས་རྗེས་སུ་ཟུངས།
  • ལེ་ཚན་རྗེས་མ།:དཔེ་ཀློག་གི་མྱོང་ཚོར་ཕྲན་བུ།