གསེར་དུང་སྙུག 2019-06-10
ལོ་དགུའི་སློབ་གསོའི་ངོ་རྒོལ་འོག་ནས།།
འབྲོག་ཕྲུག་ཕྱུགས་རྫི་ཆད་པས་དེད་དེ།།
སློབ་གླིང་ཞིག་གི་སྒོ་ཐེམ་འགྲིམ་དུས།།
དཔེ་ཀློག་ཅིག་གི་ཁ་བྱང་ལོན་ཡོད།།
འདས་སོང་ལོ་ཟླའི་འགྲུལ་བཞུད་དེ་ན།།
ང་དང་འགྲོགས་པའི་དཔེ་ཆའི་སྒྲོམ་གཞི།།
ཤི་མ་སོས་ཀྱི་ཐ་སྙད་མོད་པོར།།
བསམ་གཞིག་མྱུར་མོས་བང་ཆེན་བཏང་ཡོད།།
མིང་ཚིག་སོབ་སོབ་གླེགས་བམ་ཁྲོད་ནས།།
སྐད་ཆ་འདྲ་མིན་རྙོག་འཛིང་སློང་བའི།།
དཔེ་ལྟ་དཔེ་ཀློག་ཅི་ཙམ་བྱས་པ།།
ཕྱིར་ལ་འཁོར་དུས་དྲན་པ་མག་མོག།
རིམ་པ་རིམ་གྱིས་བརྒལ་བའི་ཚེ་ན།།
ཡུན་དང་ཡུན་གྱིས་འབད་འབུངས་ཁྲོད་ནས།།
བསམ་བློའི་སྟེང་ལ་བག་ཆགས་ཕྲན་བུ།།
ཀླད་པའི་ནུས་ཤུགས་ཅུང་ཙམ་ཅུང་ཙམ།།
སྐྱེས་ཆེན་དམ་པའི་སྙན་གྲགས་འབར་བ།།
སྐྱེ་བ་སྔོན་མའི་ལས་ལ་མ་ངེས།།
དཔེ་ཀློག་རྒྱ་མཚོའི་རླབས་ལྟར་མཆེད་པས།།
ད་གཟོད་དུད་པའི་འབྲས་བུ་ལྕིད་པོ།།
ཆབ་སྲིད་དམར་བོའི་ངོ་གདོང་རྙེད་པ།།
ལོ་རྒྱུས་རིང་མོའི་རྐང་ཚིགས་འཚོལ་བ།།
སྤྱི་ཚོགས་ནག་པོར་ཆ་རྒྱུས་ཞན་པ།།
དཔེ་ཀློག་ཞིག་གིས་ཚོར་བ་ཟིན་པ།།
རྒྱ་ཆེར་མི་ཤེས་བྱེ་བྲག་དམར་རྗེན།།
དཔེར་ན་སུམ་རྟགས་ཕྱོགས་བསྒྲིགས་ལྟ་བུ།།
བློ་སེམས་རྩེ་གཅིག་གནད་དུ་གཏད་དེ།།
དཔེ་ཀློག་ཤེས་བྱའི་མཚོ་ལ་འཇུག་ན།།
དེ་ལས་མྱོང་བའི་མངར་བའི་རོ་དེ།།
མི་ཤེས་གསར་དུ་རྙེད་པའི་ལམ་ཞིག།
ཚོར་བའི་ཀློང་དུ་སྐྱེས་པའི་འདུ་ཤེས།།
ཕྲན་ཙམ་ཡུན་གྱིས་རྟོགས་པར་འགྱུར།།
རྩོམ་གསར། 10