སྙིང་གཏམ་རྟོག་འགྱུའི་ཨཱ་དར་ཤ།

སྤྱང་བློ་ཤེར།        2019-06-05

བྱིས་པའི་ཀྱལ་ཀའི་དབང་གཞུ་ཡལ་ཏེ་ལུགས་འཚོལ་པད་དཀར་བཀྲག་མདངས་བརྗིད། །

འདས་པའི་ལོ་ཟླ་གློག་ལྟར་འཁྱུག་ཅིང་ཕྱིར་རྟོག་འབྲུག་སྒྲ་ལྷོད་ཀྱིས་གྲགས། །

ན་བུན་སྐྱ་བོའི་མི་ཚེ་ཕྲ་མོ་བདེ་སྡུག་འདྲེས་མའི་རླུང་ལ་འགྲོགས། །

ཚོར་བའི་རྦ་རླབས་དྲག་ཏུ་འཕྱུར་ནས་ཚུལ་མཐོང་བདག་གི་སྙིང་གཏམ་ཤོར། །


ལོ་རྒྱུས་བུ་མོའི་གླེགས་བམ་མཐུག་པོར་རྩོད་སྤངས་དྲི་བརྒྱའི་བྱིས་བརྙན་འཆར། །

ཕྱོགས་ལྷུང་དུག་གི་སྨྲ་ལྕེ་འདྲེས་ཀྱང་རྒྱལ་མཚན་འདྲ་བའི་བསྟན་བཅོས་ཤིག །

དམ་པའི་རྣམ་ཐར་རྟོགས་བརྗོད་དབྱངས་རྟ་མཁས་མང་ཚོགས་ཀྱི་མགྲིན་གཅིག་གྱུར།

འཛམ་གླིང་བང་མཛོད་ནོར་བུ་མང་ཡང་ཟླ་མེད་ནོར་བུའི་རིན་ཆེན་མཆོག །


དུས་རབས་རླུང་བུས་མི་སེམས་གཡོས་ཏེ་སྤྱི་ཚོགས་ཆུ་གཏེར་ཕྱོགས་ཀུན་འཕྱུར། །

བྱིས་པའི་མིག་ལ་ཁྲ་ཁྲ་མཛེས་ཏེ་ལུགས་མིན་དཔོན་ལ་སྲེད་པ་སྐྱེས། །

རྒ་འཆིའི་ལས་འབྲས་མངོན་སུམ་མཐོང་ཡང་བརྔན་པའི་བྱིས་པས་ལོང་གཏམ་བསྒྲགས། །

ད་ལྟའི་དུས་འདིར་མཁས་བླུན་འཛོལ་ནས་འབྱོར་བའི་ཆོ་ལོ་ཨ་ཐང་ཆད། །


ཤར་ནུབ་མཁས་པ་ལམ་བུ་གཅིག་བགྲོད་བདེན་པའི་ང་རོའི་བློ་མིག་འཛིན། །

མཁས་པའི་རང་ལུགས་རྡོ་རྗེའི་མེ་ཆར་ལོག་རྟོག་བྲག་དམར་རྩ་གཏོར་བྱས། །

དེ་དང་དེ་ཕྱོགས་གང་ཡང་མ་བསླབ་རྟུལ་ཕོད་ཁྲོད་ཀྱི་རྟོག་གེ་འགས། །

གཡོ་སྒྱུ་ཁྲམ་གསུམ་སོ་ཚིས་ཙམ་ཕྱིར་ཉམ་ཐག་ཁྲོད་ན་མཁས་ཉམས་དོད། །


ཁ་སང་བདེན་བསྒོམས་ཆུ་རིས་གཟུགས་བརྙན་དེ་རིང་དྲན་པའི་ཡུལ་ན་མེད། །

འདས་པའི་ལོ་ཟླའི་ཉམས་མྱོང་རྡུལ་བརྩེགས་རང་ལུས་འདོམས་གང་མེ་ལོང་འཆར།

མི་རྟག་ནམ་མཁའི་ཟེ་བ་འཁྲུགས་ཀྱང་ཡིད་རྟོན་བྱ་ཡུལ་ནམ་མཁའི་ནོར། །

བླ་མའི་ལེགས་བཤད་ཡབ་ཡུམ་བསླབ་བྱ་གཞན་ཡོད་མ་ལུས་བརྟག་བྱའི་ཡུལ། །


དུས་སྙིགས་ལྔ་བདོ་སྨུག་པའི་མེ་ཏོག་མི་སེམས་ཁྲོད་ན་བག་ཞ་བ། །

སྣོད་བཅུད་མ་མཉམ་སྐྱེ་དགུའི་གྲོག་ན་སྨྲེ་ངག་རྦ་རླབས་ལང་ལོང་འཕྱུར། །

དངོས་སེམས་ཆུ་བོ་གཅིག་ཏུ་མ་འདྲེས་ཤེས་བྱའི་མངོན་རྟོགས་བློ་མིག་བསྒྲིབས། །

འབྱོར་བའི་བུ་མོར་འདོད་ཧམ་སྐྱེས་ནས་ཀུན་བཟོད་བུ་ཡི་སྲོག་སྙིང་འཕྲོག །


སྐྱེ་འཆི་མི་རྟག་སྒྱུ་མའི་མདངས་འདྲ་རང་སྡེའི་རིགས་ཞེན་བཟློག་ཐབས་བྲལ ། །

མཁས་བཙུན་བཟང་གསུམ་འོད་སྣང་འདྲ་བའི་འཆད་རྩོད་རྩོམ་གྱིས་མ་ཤེས་མུན། །

མ་ལུས་ཡོངས་སུ་བྱམས་པས་སེལ་ཡང་རང་སྡེའི་ལམ་ལུགས་མུ་སྟེགས་འདྲ། །

སྒྲོ་སྐུར་མཐའ་སྐྱོན་རྟུལ་ཕོད་སྙིང་སྟོབས་སློབ་ཆུང་རྒན་གྱིས་ཚད་མར་བཟུང་། །


ཕྱི་རོལ་མུ་སྟེགས་སྣ་ཚོགས་རལ་གྲི་རྡོ་རྗེའི་བདེན་པར་བརྡར་ནས་ཟད། །

དཔྱོད་ཤེས་སྨྲ་བ་ཚན་རིག་ཕྲ་མཐོང་ཀུན་མཁྱེན་ནམ་མཁའི་གཤོག་ཡ་མཚུངས། །

སྔོན་སྨོན་ལས་ཀྱི་སྦྲང་ཆར་བབས་ཤིང་མི་རྟག་འཇའ་ཚོན་ཡོད་ཡོད་འདྲ། །

དཀོན་མཆོག་གསུམ་གྱི་ཉི་འོད་གསལ་ཚེ་ལོག་རྟོག་སྒྲོ་སྐུར་མཁའ་རུ་ཡལ། །



  • ལེ་ཚན་སྔོན་མ།:དྲུག་གཅིག་བྱིས་པའི་དུས་ཆེན།
  • ལེ་ཚན་རྗེས་མ།:བརྩེ་བས་རྗེས་སུ་ཟུངས།