དྲུག་གཅིག་བྱིས་པའི་དུས་ཆེན།

        2019-05-31

ལོ་ཟླས་བསུབས་པའི་ན་ཆུང་བྱིས་པའི་དུས།།

འདས་དོན་སྣ་མང་ཆུ་བོའི་རྦ་རླབས་བཞིན།།

དེ་རིང་དྲུག་གཅིག་བྱིས་པའི་དུས་སྟོན་ལ།།

ཕྲན་གྱིས་ན་ཆུང་དུས་ལ་ཕྱིར་མིག་ཤོར།།


རྣམ་དཔྱོད་རིག་པ་རྣོན་པོའི་བློ་མིག་གཅིག།

ཕྱི་རོལ་ཡ་མཚན་ཅན་གྱི་ངག་སྒྲོས་གཉིས།།

དགེན་གྱིས་ཅི་གསུང་སྒྲུབ་པའི་གཤིས་ཀ་གསུམ།།

འདི་གསུམ་ན་ཆུང་བྱིས་པའི་སྤྱོད་ལམ་ཡིན།།

ཕ་མ་བགྲེས་པོ་མིན་པའི་དགའ་བ་གཅིག།

སྤུན་མཆེད་ལྷན་དུ་འཛོམས་པའི་སྤྲོ་བ་གཉིས།།

ཅི་འདོད་ཐུགས་དམ་སྐོང་བའི་དགྱེས་པ་གསུམ།།

འདི་གསུམ་ན་ཆུང་བྱིས་པའི་སྣང་གཤིས་ཡག།


པྲ་ཆལ་ན་ཆུང་སློབ་བུ་གྲོགས་དང་འཆམ།།

བྱ་གཞག་མཐའ་དག་རྨང་གཞིའི་གནས་སུ་དྲངས།།

བསླད་མེད་དྭངས་གཙང་སེམས་ཀྱི་ཆ་ལུགས་བཟང་།

ན་ཆུང་བྱིས་དུས་ནམ་ཡང་བསྙེལ་དུ་མེད།།


རྨི་ལམ་སྒྱུ་འཕྲུལ་ཡུལ་དུ་འཛུལ་ན་མཚར།།

འཆར་ཡན་གཟུགས་མེད་བྱིས་དུས་ཝ་ལེར་དྲན།།

དེ་རིང་དྲུག་གཅིག་གཅེས་ཕྲུག་དགའ་སྟོན་ལ།།

སེམས་སུ་བབས་པའི་སྨྱུག་རྩེའི་རི་མོ་མཚར།།

ཏམ་བུ་ར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:བོད་ཀྱི་བྱིས་པ།
  • ལེ་ཚན་རྗེས་མ།:སྙིང་གཏམ་རྟོག་འགྱུའི་ཨཱ་དར་ཤ།