༄༅།། གཡུང་དྲུང་རི་མོ་ལྟ་བུའི་བུ་མོ་ཁྱོད།

ཏཱ་ནི་ལྷ་རྒོད།        2019-05-14

འཇིག་རྟེན་འཇིག་རྟེན་ཟེར་བའི་རྩེད་ར་ན། །

སྔོན་བསགས་ལས་ཀྱིས་འཕྲད་པའི་ནེའུ་ལྡངས་རེ། །

ཁྱོད་ཀྱི་ལང་ཚོ་གཡུང་དྲུང་རི་མོ་ཡིན། །

མདངས་ལ་འགྱ་འགྱུར་མེད་པའི་རྟེན་འབྲེལ་སྒྲིགས། །

ལང་ཚོ་ལང་ཚོ་ཟེར་བའི་ནོམ་པ་འདི། །

རང་ལ་དབང་བའི་ཚོགས་དྲུག་ཕུན་ཚོགས་ཡིན། །

ཁྱོད་ཀྱི་བརྩེ་དུང་གཡུང་དྲུང་རི་མོ་ཡིན། །

རིས་ལ་ཚོན་མདངས་འགྲིག་པའི་རྟེན་འབྲེལ་སྒྲིགས། །

བརྩེ་དུང་བརྩེ་དུང་ཟེར་བའི་ལོངས་སྤྱོད་འདི། །

མགོ་ནག་མི་ལ་ལྡན་པའི་འབྱོར་བ་ཡིན། །

ཁྱོད་ཀྱི་གཉུག་གཤིས་གཡུང་དྲུང་རི་མོ་ཡིན། །

ཚོས་ལ་མག་མོག་མེད་པའི་རྟེན་འབྲེལ་སྒྲིགས། །

གཉུག་གཤིས་གཉུག་གཤིས་ཟེར་བའི་ཡེ་ཤེས་འདི། །

རྣམ་པར་ཤེས་པར་ཚང་བའི་རང་བཞིན་ཡིན། །

ཁྱོད་ཀྱི་ཁྲེལ་གཞུང་གཡུང་དྲུང་རི་མོ་ཡིན། །

རྒྱུན་ལ་མཚམས་ཆད་མེད་པའི་རྟེན་འབྲེལ་སྒྲིགས། །

ཁྲེལ་གཞུང་ཁྲེལ་གཞུང་ཟེར་བའི་གསེར་ཐག་འདི། །

དགའ་བདེའི་དཔལ་ལ་འདྲེན་པའི་ལྕགས་ཀྱུ་ཡིན། །

ཁྱོད་ཀྱི་འཛུམ་མདངས་གཡུང་དྲུང་རི་མོ་ཡིན། །

རིན་ལ་རྟ་བརྒྱ་མངའ་བའི་རྟེན་འབྲེལ་སྒྲིགས། །

འཛུམ་མདངས་འཛུམ་མདངས་ཟེར་བའི་བསོད་ནམས་འདི། །

ལེགས་བྱས་རྣམ་དཀར་དགེ་བའི་ཕྱག་རྗེས་ཡིན། །

ཁྱོད་ཀྱི་དད་འདུན་གཡུང་དྲུང་རི་མོ་ཡིན། །

མདུད་ལ་བཤིག་པ་མེད་པའི་རྟེན་འབྲེལ་སྒྲིགས། །


  • ལེ་ཚན་སྔོན་མ།:སེམས་དང་སེམས་པ།
  • ལེ་ཚན་རྗེས་མ།:༄༅།། ཕྱི་དྲོ་ཞིག་ལ་སེམས་ཀྱི་བདག་མོར་བསྒུགས་པ།