སེམས་དང་སེམས་པ།

སྡེ་དགེའི་རྣོ་ངར།        2019-05-10

ནམ་མཁའ་མཚོ་མོ་བཞིན་དུ་འཁྱིལ་བ་ལ།།

སྤྲིན་དཀར་ངང་བའི་ཚུལ་གྱིས་མཐའ་ནས་ལྡིང་།།

བྱ་ཚོགས་འོག་འགྱུ་ཉིལ་ལེར་ངོས་ནས་གཤགས།།

དེ་མིན་ཆར་དང་རླུང་བུའི་འཚང་ཁ་ནི།།

ཁ་ཁུ་སིམ་པོའི་ཕག་ན་རེ་ཞིག་བསྐུངས།།

 

གློ་བུར་བྱེ་མས་བསགས་པའི་གཞིས་ཁྱིམ་དུ།།

ངས་ནི་ཁྱོད་ཀྱི་བྱད་གཟུགས་བརྫུས་མ་ཞིག།

རྣམ་དག་ལྷ་ཡི་ཚུལ་དུ་བསྒོམས་བྱས་ཏེ།།

དགའ་སྐྱོའི་ཆར་ཞོད་རྡོལ་བའི་ཁང་ཆུང་དུ།།

རེ་བའི་འདུན་མ་ཅི་ཞིག་ཁོག་ཏུ་བླུགས།།

 

སྙིང་རྗེའི་ལན་བུ་རླུང་ཁར་གཟེད་བཞིན་དུ།།

བསླུ་བྲིད་རླུང་གི་འཕྱོར་གོས་མི་མནབ་བར།།

ཕྱི་ཐག་སྐེད་པར་འཆིང་བའི་བུ་མོ་ཁྱོད།།

ཆར་པ་ཟམ་ཟིམ་ནང་ནས་ཚུར་ཡོང་ཞིང་།།

ཉི་མའི་གློ་ཁུག་ནང་དུ་ཨེ་བཞུགས་ལགས།།

ཁྱོད་ནི་མཚར་སྡུག་རིང་བའི་མཚན་མོ་ཡིན།།

སྐར་འོད་ལ་ཐོད་དཀྲིས་པའི་མཚན་མོ་ཡིན།།

རྩྭ་ཐང་དགོད་སྒྲ་འཚེར་བའི་སླ་ང་རུ།།

ཅི་ཡང་མ་མཐོང་ཚུལ་གྱིས་ཡོད་དམ་ཨང་།།


  • ལེ་ཚན་སྔོན་མ།:ཡིད་ཀྱི་འཁྲི་ཤིང་།
  • ལེ་ཚན་རྗེས་མ།:༄༅།། གཡུང་དྲུང་རི་མོ་ལྟ་བུའི་བུ་མོ་ཁྱོད།