ཡིད་ཀྱི་འཁྲི་ཤིང་།

རྩེ་རིག་གྲོལ།        2019-05-10

འདི་ན་ལས་ཀྱི་རྟེན་འབྱུང་གི།

མེ་ཏོག་རྒྱས་པའི་ར་བ་ན།།

སྙིང་ཐུབ་ཟླ་བ་གཞོན་ནུ་ཡི།།

འཛུམ་གྱི་འོད་ཟེར་འགྱེད་ནས་ཡོད།།

ཁོར་ཡུག་རྣམ་སད་ལྷ་ཡི་མལ།།

གསེར་མངལ་ཅན་ཡང་བསྐྱུངས་བྱེད་པའི།

གང་གི་མཚར་སྡུག་ལང་ཚོ་ཡིས།།

སྲིད་ཞིའི་མཛེས་པ་གཅིག་ཏུ་བཟླུམ།།

འཛུམ་ལྡན་རི་དྭགས་དགའ་བྱེད་མ།།

ཡིད་ཀྱི་མདའ་མོའི་འབེན་ལ་བཟུང་།།

མགྲིན་པ་བཅུ་ཡི་བརྩེ་དུང་གིས།།

ཁྱོད་ཀྱི་ས་དང་བཅས་པ་དྲངས།།

ཡིད་འོང་སྐྱེད་བྱེད་བུ་མོ་དང་།།

ནགས་ཀྱི་ས་སྐྱོང་རཱ་མ་ཎ།།

སྐལ་བཟང་རྫོགས་ལྡན་དེང་གི་དུས།།

གནས་འདི་རཱ་མའི་རི་ལ་བསྒྱུར།།

རྗེ་བོའི་བཀའ་ལུང་རྡོ་རྗེ་ཡིས།།

གནོད་སྦྱིན་རི་ལ་སྤྱུགས་བྱས་པའི།།

སྤྲིན་གྱི་བང་ཆེན་ལྷ་ཡི་བུ།།

ངས་ཀྱང་ཁྱོད་ལ་ཆེད་དུ་ཞུས།།

དབང་དྲག་འཛུམ་ལྡན་ཉལ་འགྲོ་ཟུང་།།

ཁ་འབབ་རྣམ་བཞིའི་རྒྱུན་ལ་བསྲིངས།།

སྐྱ་བཙོང་དམག་དཔོན་མཐོན་པོ་ཡང་།།

འབུགས་བྱེད་རི་དང་འོལ་མི་དབྱེ།།

མེས་པོའི་བློ་ཡི་བཀོད་ཁྱབ་ལས།།

གོར་མའི་བང་རིམ་མཐོན་པོ་སྟེ།།

རྒྱབ་རིའི་ཟིལ་ཤུགས་བསྣན་པ་ཡིས།།

གནས་འདིར་ལྷག་པར་མཚར་སྡུག་འབར།།

ལྗང་མདོག་གཡུ་ཡི་ལྗོན་པ་དང་།།

སྣ་ཚོགས་བྱ་བྱེའུ་གླུ་དབྱངས་ལེན།།

བག་ཡངས་རྒྱུ་བའི་རི་དྭགས་ཚོགས།།

གནས་འདིའི་ཕུན་ཚོགས་དཔལ་དུ་ལྟེམས།།

དེ་རུ་ལས་སྨོན་ཉི་ཟླའི་རྒྱུན།།

ལན་གཅིག་འཛུམ་པའི་དཔལ་ཡོན་གྱི།།

རྟེན་འབྲེལ་ཚོགས་པ་མ་འགག་པར།།

ཁོ་བོར་གནས་འདིར་དབང་རབ་བསྐུར།།

ལས་ཀྱི་བཀའ་ལུང་རྡོ་རྗེ་ཡིས།།

མི་ལོ་དགུ་ཡི་ལོ་ཟླའི་འགྲོས།།

འཚོ་བའི་གོམ་སྟབས་རིང་མོ་དེ།།

རྩེ་མོའི་གྲངས་ཀྱིས་ཡོངས་སུ་བསྐྱལ།།

འདི་ནས་ལོ་གཅིག་འདས་སོང་དེ།།

སྟོན་ཟླ་ར་བ་རྫོགས་པའི་ཉར།།

གང་ཞིག་སྙིང་ཐུབ་སྡུག་གུ་མ།།

ལས་ཀྱི་ཀྱོ་བས་ནགས་སུ་དྲངས།།

ལན་རེ་འཛུམ་པའི་ཁོ་ལག་དང་།།

སྐབས་རེ་རྩེད་མོའི་རྣམ་གཡེང་གིས།།

རྒྱུན་པར་འཚོ་བའི་རོལ་རྩེད་ལ།།

ཁྱོད་ཀྱང་ཞེན་ལ་ང་ཡང་མོས།།

སྐབས་སྐབས་སྙིང་གཏམ་བདུད་རྩིའི་བཅུད།།

སྡེབ་ལེགས་ཚིག་གི་གར་སྟབས་བཅས།།

སྨྱུ་གུས་རྐང་བྲོ་རྩེན་པ་འདི།།

ཁྱོད་ལ་བཏེགས་པའི་ལྷ་དར་ལགས།།

འཇིག་རྟེན་བྱེ་མའི་ཐང་ཆེན་ནས།།

འཚོ་བའི་ཆངས་བུ་མ་འཐོར་གོང་།།

ཁྱོད་གཅིག་བསམ་པའི་འདུ་བྱེད་འདི།།

སྲིད་པའི་མཐར་ཡང་འགྱུར་མ་ཡིན།།


  • ལེ་ཚན་སྔོན་མ།:འཕྱོངས་རྒྱས་ཀྱི་སྣང་བ། དྲན་པ་ཞིག་གི་སྣེ་མོ།
  • ལེ་ཚན་རྗེས་མ།:སེམས་དང་སེམས་པ།
  • རྩོམ་གསར། 10