སྟོན།

ཐུབ་བསྟན་བཀྲ་ཤིས།        2019-04-11

རྟག་བརྟན་བདེན་གྲུབ་དབེན་བའི་སྲིད་པ་ནས།།

བཅོས་མིན་མི་འགྱུར་ཆོས་ཤིག་ཡོད་མིན་པས།།

རེ་འཇོག་མེད་པར་སྐད་ཅིག་ཉིད་ལས་འདའ།།

མི་རྟག་སྒྱུ་མའི་རྒྱལ་པོས་ཁ་ལོ་བསྒྱུར།།


སྤྱད་པས་ངོམ་པ་མེད་པའི་སྲིད་པ་ནས།།

མ་རིག་མུན་པས་འཐིམ་པའི་ལུས་ཅན་ང་།།

ཉོན་མོངས་དགྲ་ཡིས་ལུས་སེམས་དམ་པོས་འཆིང་།།

རྣམ་གཡེང་བྲན་དུ་གྱུར་ནས་ཉི་མ་འདའ།།


དུས་ཀྱི་སྦྲན་སོགས་གང་ཡང་ཡོད་མིན་པ།།

ལྗང་མདོག་ཡུལ་ལ་སེར་མདོག་མདངས་ཀྱིས་སྤྲས།།

མཛེས་སྡུག་དཔལ་གྱིས་ཕྱུག་པའི་དབྱར་ཁ་དེ།།

བཅུད་ལྡན་དུས་ཀྱི་ཞགས་པས་དམ་དུ་བསྡམས།།


ལུས་ལ་དགའ་བ་སྩོལ་བའི་དྲོད་རླུང་དེ།།

རྩུབ་པོ་སྲིན་མོ་ཞིག་གི་གཤིས་སུ་གྱུར།།

བྱམས་དང་སྙིང་རྗེ་ཨེན་ཙམ་ཡོད་མིན་པ།།

གཡུ་ལོའི་ལང་ཚོ་བཅོམ་ནས་གཅེར་བུར་བསྒྱུར།།


འཕུར་ལྡིང་གར་ལ་བྱང་བའི་འདབ་ཆགས་ལ།།

བཟོད་ཐབས་མེད་པའི་གྲང་བཀྲེས་སྡུག་བསྔལ་བྲིམས།།

འཛུམ་མདངས་ཞལ་རས་གང་བའི་ཤེད་བུ་ཡང།།

དྲག་པོ་ཁྲོས་པའི་ཞེ་སྡང་གདོང་གཅིག་བཞིན།།



  • ལེ་ཚན་སྔོན་མ།:དེ་དུས་ཀྱི་ཞོགས་པ།
  • ལེ་ཚན་རྗེས་མ།:སྐྱོ་བའི་དགུན་དུས།