སྐྱོ་བའི་དགུན་དུས།

ཀརྨ་འཕྲིན་ལས།        2019-04-17

ཁ་བའི་རྡུལ་མང་འཁྲིགས་པའི་ཀློང་རོལ་ནས།།

ལྗང་མདོག་གཡུ་ལོ་བཅོམ་

པའི་འཁྱམ་རོམ་བརྩེགས།།

ཉལ་འགྲོས་ཤེལ་གུར་ཕུབ་པའི་དགུན་དུས་འདིས།།

སྣ་ཚོགས་མེ་ཏོག་བཞད་པའི་སྤང་ལྗོངས་བཏང་།།


ཤང་ཤང་འབབ་པའི་ཁ་བ་དལ་འགྲོ་མས།།

བསྟར་ཕྲེང་བསྒྲིགས་པའི་

དབུ་དཀར་མུ་ཏིག་འགྲེམ།།

ནོར་འཛིན་དགའ་མའི་གདོང་གི་སྔོ་ལྗང་རིམ།།

འཇོ་སྒེག་གར་འདི་སྐྱེ་རྒུའི་ཡིད་གར་དབེན།།


སྐྱ་ཐིང་ཆུ་འཛིན་བཀླུབས་པའི་སྒེག་མོའི་ངོས།།

དུ་སྤྲིན་ལང་ལོང་འཕྱུར་བའི་ལྡིང་ཁང་ནས།།

བདུད་རྩིའི་བཅུད་ཀྱིས་གཏབས་པའི་ཁ་བ་རེས།།

སྐྱེ་འགྲོའི་ཚེ་སྲོག་འཕྲོག་པའི་དགུན་དུས་སྐྱོ།།


ལྷག་རླུང་ལྡང་བས་སྐྱེ་དངོས་ཁེད་ཀྱིས་ཡལ།།

སྔོ་ལྗང་རྩྭ་ཕྲན་ལྗང་མདོག་སིལ་བུར་གཏུབས།།

དབྱངས་སྙན་ཁུ་བྱུག་རྣ་བའི་བཅུད་དུ་བཀག།

སྐྱོ་བའི་དགུན་དུས་ཡིད་ལ་འཆར་ལྷང་ངེ་།།


  • ལེ་ཚན་སྔོན་མ།:སྟོན།
  • ལེ་ཚན་རྗེས་མ།:སྐྱབས་གཅིག་པ།