རྒྱལ་ཡུམ་དབྱངས་ཅན་མའི་བསྟོད་པ་པད་དཀར་མཆོད་ཕྲེང་།

ཁམས་ཚེར་མདའ།        2019-03-04

རྒྱལ་ཡུམ་དབྱངས་ཅན་མའི་བསྟོད་པ་པད་དཀར་མཆོད་ཕྲེང་།

ཨོཾ་སྭ་སྟི།

དགེ་ལེགས་ཆར་འབེབས་ཞི་བ་དམ་པའི་ཆོས།།

འགྲོ་བློའི་མུན་སེལ་རིག་གྲོལ་བྱེ་བའི་མཛོད།།

དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས།།

མཆོག་གསུམ་འདུས་ཞལ་དྲིན་ལྡན་བླ་མར་འདུད།།


རབ་འབྱམས་ཆོས་ཚུལ་མུ་མཐའ་ཀུན་བྲལ་སུས་ཀྱང་གཞལ་དཀའ་བདེན་པའི་དོན།།

སྐད་ཅིག་གཅིག་གིས་བྱེ་བྲག་འབྱེད་མཛད་འགྲོ་བློའི་མུན་པའི་དཔུང་འཇོམས་ཤིང་།།

ལུས་ཅན་འཁོར་མཐའ་དབྱིངས་སུ་དག་ཅིང་བདེ་ཆེན་གདོད་མའི་གཞི་ཀློང་ནས།།

རྣམ་གཉིས་གཟུགས་སྐུའི་རོལ་བ་འབུམ་སྩོལ་རྒྱལ་བའི་ཡུམ་གྱུར་དབྱངས་ཅན་མ།།


དྲི་མེད་དུང་མདོག་ཟླ་བའི་མཛེས་སྡུག་ལས།།

རྣམ་པར་དཀར་བ་གཞོན་ནུའི་སྐུ༵་ལུས༵་ཅན།།

སྒེ༵ག་ཉ༵མས་འདབ་སྟོང་གཡོ་བའི་ལ༵ང་ཚོ༵་ལ།།

མཚན་དཔེའི་གཟི་འོད་འབར་བའི་ཟེ་འབྲུ་རྒོད།།


གནག་སྣུམ་ཐོར༵་ཙུག༵ས་སྤྲིན་བྲལ་ལྷ་ལམ་དུ།།

རིན་ཆེན་རྒྱན་གྱིས་མཛེས་པའི་རྩེ་ཕྲན་སྟེང་།།

ཡིད་འོང་ཟླ༵་ཚེས༵་ཡེ་ཤེས་འོད་འབར་བས།།

འགྲོ་བའི་གཏི་མུག་གཏན་དུ་སེལ་བར་བྱེད།།


མཐོང་བས་མི་ངོམས་ཞལ༵་ཁྱིམ༵་ཡངས་པའི་མཁར།།

འདྲེན༵་བྱེད༵་འཇའ་སྤྲིན་གཡོ་བའི་སྟངས་སྟབས་ལ།།

བལྟ་བར་ལྷགས་པའི་སྨིན༵་མ༵འི་རོལ་གར་ལས།།

ལྡེམ་འཕྲུལ་མཛེས་མའི་མཆོད་ཕྲེང་ཡིད་དུ་འོང་།།


མཁུར༵་འཛུམ༵་དགྱེས་ཆགས་སློང་བའི་སྐྱེད་ཚལ་དུ།།

ཤ༵ངས་མཐོ་ཀུ་མུད་སར་བའི་འདབ་གཤོག་གྲོལ།།

རབ་དམར་མ༵ཆུ་སྒྲོས༵་འཛུམ༵་མད༵ངས་གསལ་བ་ལས།།

བཞི་བཅུའི་ཚེ༵མས་འགྲིག་པད་དཀར་ལང་ཚོ་བཞད།།


རྗེས་ཆགས་ཐུགས་སྨོན་ཟབ་མོའི་བདེན་མཐུ་ཡིས།།

ཡངས་ཤིང་སྲབ་ལ་དམར་བའི་ལྗ༵གས་རླབས་ལས།།

དྲུག་ཅུའི་དབྱངས་ཀྱིས་བཏེག་པའི་ཟབ་མོས་ཆོས།།

དུས་སུ་སྟོན་པའི་བསྐལ་བཟང་ཀུན་ནས་གསལ།།


མི་འཛད་ཡོན་ཏན་ཕྱོགས་མཐར་རྒྱས་པའི་དཔལ།།

རབ་མཛེས་སྙ༵ན་ཤལ་མགུལ༵་དང་ཕྲ༵ག་པ་ལ།།

སྣ་ཚོགས་དར་དང་རིན་ཆེན་རྒྱན་ཕྲེང་རྣམས།།

མཛེས་པར་ཀླུབ་པས་སྐྱེ་དགུའི་ཡིད་དབང་ཕྲོག།


དར་གོས་ཕྱང་ཕྲུལ་རིན་ཆེན་འབར་བའི་ཟླར།།

དཀར་ལ་འཇམ་མཉེན་ལ༵ང་ཚོ༵འི་མཚ༵ན་མ༵་ཡིས།།

འཕགས་ནོར་ཡིད་ལ་རེ་བའི་འདོད་རྔམས་ལ།།

ཟག་བྲལ་དགྱེས་དགུའི་ཡོ་བྱད་ཀུན་ནས་འཇོ།།


བདེ་བའི་དཔལ་སྟེར་ཕྲ་བའི་སྐེ༵ད་སྐ༵བས་སུ།།

མི་མཐུན་འགལ་བའི་ལྷག་མ་འཇོམས་པ་ཡི།།

ཟབ་ལ་གཡས་འཁྱིལ་ལྟེ༵་བ༵འི་དཔེ་བྱད་ལས།།

མི་འབྲལ་བརྩེ་དགའི་ཟེགས་མ་རྟག་ཏུ་འཐོར།།


སྨད་དཀྲིས་ཤམ་བུའི་འཕུར་ལྡིང་བྲེས་པ་ཡི།།

མཆོག་ཏུ་རྒྱས་པའི་སྟ༵་ཟུར༵་རྣམ་པར་ཟླུམ།།

བདེ་བའི་རླན་འཆང་གས༵ང་བ༵འི་འཁོ༵ར་ལོ༵་ལས།།

ལྷན་སྐྱེས་དགའ་བའི་རོ་མཆོག་ཅིར་ཡང་འགྲེམ།།


ཡོངས་སུ་དཀར་བའི་བརླ༵་དང་བྱི༵ན་པ༵་དག།

ཟླུམ་ལ་རྒྱས་ཤིང་བྱིན་གྱིས་ཕྲ་བས་མཛེས།།

ལོ༵ང་བུ་༵མི་མངོན་མཉམ་པའི་ཞ༵བས་མཐི༵ལ་ཡང་།།

དམར་མདངས་མཛེས་པས་དགའ་བ་ཀུན་ལ་སྟེར།།


ཕྱ༵ག་ཞ༵བས་དཔུང༵་དང་སོ༵ར་མོའི་དཔྱིད་དཔལ་དུ།།

རིན་བྲལ་རིན་ཆེན་སྙིང་པོར་ལྷུན་ཆགས་པ།།

རྣམ་པར་མཛེས་པའི་གདུབ༵་ཀོ༵ར་གཡོ་བ་ལས།།

སྙན་པའི་སིལ་སྒྲས་འདོད་པའི་རེ་བ་སྐོང་།།


མི་འབྲལ་ཆ༵ས་གོ༵ས་རེག་འཇམ་བདེ་བའི་གཏེར།།

སྣ་ལྔའི་ད༵ར་ཚོ༵ན་མཛེས་སྡུག་འོད་འབར་ཞིང་།།

དད་གུས་འདུན་པ་སློང་བའི་འཕྱང༵་འཕྲུལ༵་ཡང་།།

ས་གསུམ་མིག་དབང་བསུ་བའི་གཉེན་དུ་ཆགས།།


མི་དང་ལྷ་ཀླུའི་བསོད་ནམས་ལས་ཆགས་པའི།།

ངོ་མཚར་རིན་ཆེན་འབར་བའི་རྒྱ༵ན་ཕྲེ༵ང་གིས།།

ཡིད་འོང་ཉམས་བརྒྱ་འབར་བའི་སྟ༵ངས་ཀ༵་ལ།།

ཆགས་བྲལ་དྲང་སྲོང་དག་ཀྱང་བློ་རྩེ་གཡོ།།


རྒྱལ་ཀུན་ཡུམ་གཅིག་རྒྱ༵ལ་སྲ༵ས་སེ༵མས་མ༵འི་ཚུལ།།

དྲན་དང་ཐོས་པའི་བསོད་ནམས་བག་རེས་ཀྱང་།།

ཐོག་མེད་སྙེིང་ལ་ཡིབ་པའི་རྨོངས་མུན་ཀུན།།

རྣམ་པར་གཞོམ་ལ་རྒྱལ་བས་བསྔགས་མིན་ནམ།།


ངག་ལ་དཔལ་སྟེར་ང༵ག་དབ༵ང་དབྱང༵ས་ཅ༵ན་མ༵ར།།

དད་ཅིང་གུས་པས་ཕྱག་མཆོད་ནོར་བུའི་གཏེར།།

ཡང་ཡང་བསགས་པའི་བསོད་ནམས་ལས་འོང་བ།།

རྣམ་འབྱེད་ཤེས་རབ་མཆོག་ཏུ་དགེ་བར་གསུངས།།


ཆགས་ཤིང་དགའ་བ་འདོད་པའི་སེམས་ཀྱིས་ཀྱང་།།

སྐྱབས་ཀུན་འདུས་ཞལ་ཤེ༵ས་ར༵བ་ལྷ༵་མོ༵་མཆོག།

དྲན་པའི་ཡུལ་དུ་ལན་གཅིག་བླངས་ན་ཡང་།།

སྲེད་ལས་འདས་ཞེས་དྲིན་ལྡན་བླ་མས་གདམས།།


སླར་སྨྲས་པ། 

དམིགས་མེད་བརྩེ་བའི་ཏིང་འཛིན་ལས་བྱུང་ལྷུན་གྲུབ་ཕྱག་རྒྱས་རོལ་གར་ཅན།

མ་འོངས་འགྲོ་ལ་ཕན་བདེའི་དཔལ་སྩོལ་སྔོན་དང་ད་ལྟའི་བསོད་ནམས་ལས།།

ནམ་ཡང་མི་གཡོ་གཉུམ་མའི་ཕ་ཁྱིམ་གཏན་དུ་དབང་བའི་བསྐལ་བཟང་ཞིག།

བདག་དང་བདག་མིན་སེམས་ཅན་ཡོངས་ལ་རྟག་ཏུ་འཆར་བའི་རྒྱུར་གྱུར་ཅིག།


ཤེས་བརྩོན་རྒྱན་ཕྲེང་དྲི་མས་མ་བཏང་ཞིང་།།

དད་གུས་བཞིན་རས་ན་ཚོད་མ་སྨིན་པས།།

ཚིག་དོན་སྙོམ་ལག་རྒྱས་པའི་མཆོད་རྫས་ཤིག།

འབུལ་བའི་ལས་སྐལ་འདི་ཀོ་ན་ཕྲ་ཡང་།།


དགའ་ཞེན་མོས་པའི་རླབས་ཕྲེང་གཡོ་བའི་ཞིང་།།

རིག་གཞུང་ནོར་བུའི་དཔལ་ཡོན་མ་སྨད་པ།།

ཐོས་བསམ་གོམས་པ་གསལ་བའི་བློ་གྲོས་ཤིག།

རྙེད་འཚོལ་གཏམ་གྱི་འདུ་བྱེད་ཐོད་དུ་བླངས།།

ཞེས་བོད་རབ་རྒྱན་ས་ཕག་ཟླ༡པོའི་ཚེས༢༥བཟང་པོར་ཁམས་ཚེར་མདས་རྫོང་སར་བཀྲ་ཤིས་ལྷ་རྩེའི་ཉེ་གམ་དུ་སྦྱར་བ་དགེའོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྒྱལ་ཡུམ་དབྱངས་ཅན་མའི་བསྟོད་པ་པད་དཀར་མཆོད་ཕྲེང་།

  • ལེ་ཚན་སྔོན་མ།:དགུན་ཟླ་འཁྱག་པ།
  • ལེ་ཚན་རྗེས་མ།:ཕོ་མོ་འདྲ་མཉམ་མ་རེད།