གདུང་བའི་མཚོ་མོར་ཞུགས་པ།

རྡོ་རྗེ་དོན་གྲུབ།        2018-12-14

ཚེ་ཡི་སྨུག་ལོང་ནང་གི་གཅིག་པར་རྒྱུ་བའི་རི་དྭགས་རྣམས།།

བས་མཐའི་ཡུལ་དུ་ལྡེབ་ཞོར་སྨྲེང་བའི་སེམས་བྱུང་གང་དུ་གཡོ།།

སྟོང་བར་ལུས་པའི་ནམ་མཁར་འོད་ཀྱི་རྗེས་ཆགས་འབེབ་པ་ཡིས།།

སྐྱེ་འགྲོའི་ཡིད་ཀྱི་གདུང་བ་ཅིག་ཅར་དྭངས་བའི་དཔལ་དུ་ཤར།།


རྒྱང་གི་རྨི་ལམ་བཙལ་བའི་འཁྱུག་ཙམ་གནང་བའི་བྱ་ཁྱུའི་ཚོགས།།

མུན་པའི་རི་བོ་བརྒལ་ཞོར་འཆི་བའི་རྒྱུད་སྐུད་གང་དུ་འཁྲོལ།།

མཐའ་ཡས་འཁོར་བའི་རྡུལ་དང་ལྷན་ཅིག་ཟེགས་པའི་གཙང་བོ་བཞིན།།

རྣམ་རྟོག་འཆིང་བའི་གམ་དུ་འོད་ཟེར་དང་བཅས་འཆར་བར་བྱེད།།


དུས་ཀྱི་གཡེར་བག་གཞུང་གི་ཟོལ་ཚུགས་རྒོད་པའི་མི་ཚོགས་དག །

ལས་སྐལ་ངོས་སུ་ལྷུང་བའི་ཐགས་སུ་བཀྲ་བའི་འཇའ་ཚོན་བཞིན།།

མི་སྡོད་ལས་ཀྱི་ནམ་མཁར་སྐར་མའི་ཚོམས་དག་དགོད་པ་ཡིས།།

སྣ་ཚོཊ་སྣང་བའི་ཡུལ་དག་འཛིན་པའི་དངོས་རྣམས་འཇའ་བཞིན་ཡལ།།


གདུང་བའི་མཚོ་མོར་ཞུགས་པའི་མིག་མཐར་བབ་པའི་ཟིལ་བ་རྣམས།།

དུས་ཀྱི་སྲང་ལམ་ནང་དུ་ན་བུན་འབྱོ་བའི་རྒྱ་མཚོར་གྱུར།།

མཇུག་མཐའི་ལོག་མལ་ནང་དུ་འཆི་བའི་ཉི་ནུབ་ཚེས་རྗེས་སུ།།

འདི་བྲལ་ངེས་པའི་རི་མོ་སོ་སོར་གྱེས་པའི་རླུང་བུར་གྱུར།།


ཡིད་ཀྱི་ལྗོན་པ་ཁེར་བུ་སྟོན་རླུང་བསིལ་མོས་སྒུལ་བ་ན།།

སེམས་ཉིད་ཞུ་བའི་ཐང་དུ་གཅིག་པར་ཡན་པའི་རི་སྐྱེས་བཞིན།།

རྣམ་ཤེས་ལྷོད་ལ་འཇགས་ཤིང་སེམས་ཀྱི་མཛེས་པ་དལ་གྱིས་མཐོང་།།

གཉུག་མའི་གཤིས་ཀྱི་ནམ་མཁར་ངེས་ཤེས་དྲན་པའི་བཏང་བ་འཁོར།།


  • ལེ་ཚན་སྔོན་མ།:ཀ་རྩོམ་སྨན་གྱི་ལྗོན་ཤིང་།
  • ལེ་ཚན་རྗེས་མ།:འཛུམ་ཞལ།