འཛུམ་ཞལ།

མ་བྱན།        2018-12-14

བྱམས་བརྩེའི་མིག་ཟུང་ཕྱེ་བའི་གདོང་གི་པདྨོ་འཛུམ་པའི་ཚེ།།

དེ་ཡི་དཔལ་དུ་རིགས་ཀྱི་མེ་ཏོག་ལྷུག་ལྷུག་རྒོད་ཅིང་རྣམ་པར་བཞད།།

སྐད་དང་ཡི་གེ་གོས་སུ་བཀླུབས་པའི་ཐུ་བྷོད་བཙན་པོའི་རུས་རྒྱུད་ཀྱི།།

མུན་པའི་འོབས་སུ་ལྷུང་བུའི་དབྱངས་གསལ་སོ་བཞིའི་རྒྱུན་བུ་བསླ་བར་བྱེད།།


མི་རིགས་གང་གི་སྲོག་རྟེན་གྱུར་བའི་དྲིན་ཆེན་དགེ་བའི་བཤེས་གཉེན་ནམ།།

རིག་པའི་བློ་གྲོས་འཕེལ་ཤིང་རྒྱུ་འབྲས་བློ་མིག་གསལ་བའི་དཔེ་ཆ་གཉིས།།

ཐོས་བསམ་ཉེ་བར་གནས་པའི་རྐང་དྲུག་གཞོན་ནུ་སྐལ་ལྡན་རྣམས་ལ་ནི།།

ལེགས་ཉེས་སྤང་བླང་ཕྱེ་བའི་ཤེས་རབ་རལ་གྲིའི་དོ་ཡ་ཡིན་ནས་ཡོད།།


སྟོན་གསུམ་ལོ་ལེགས་སྨིན་འདྲའི་ཤེས་བྱའི་སྦྲང་རྩི་འཐུ་བའི་ཐང་ཆེན་ནས།།

འོད་ཀྱི་སྒྲོག་གུ་བརྟོལ་ནས་སྲིད་པའི་མེ་ལོང་ངོས་སུ་རྐང་རྗེས་དཔར།།

སྨག་ཆེན་དུས་ཀྱི་སྒོ་གླེགས་འབྱེད་པའི་ཉི་མའི་འོད་ཟེར་ཤར་བ་ན།།

འདི་སྣང་ལས་ཀྱིས་བསྐོས་པའི་དམ་པ་དག་ལ་ཡང་ཡང་འདུད།།


ཚེ་རབས་གང་གི་ལན་ཆགས་ཡིན་ནམ་འཇིག་རྟེན་འཁོར་བའི་གནས་ཚང་དུ།།

བགྲང་བྱ་བཅུ་གཉིས་ལོན་པའི་འདུས་མདོ་འདི་ནས་འཕྲད་པའི་བཤེས་དག་ནི།།

བདག་གི་ལས་ཀྱི་གཤོག་པར་བཏེགས་པའི་རྩལ་དང་ཚེ་ཡི་ནོམ་པ་ཡིན།

དུས་ཀྱི་འཁོར་བསྐྱོད་བར་ནས་དྲན་པའི་ཆུ་བོ་ཁྱེད་ཀྱིས་ཕྱོགས་སུ་བཞུར།།


  • ལེ་ཚན་སྔོན་མ།:གདུང་བའི་མཚོ་མོར་ཞུགས་པ།
  • ལེ་ཚན་རྗེས་མ།:སྙིང་ཁར་བཞད་པའི་མེ་ཏོག