ཨ་མ་སེམས་ཀྱི་རྒྱབ་རི་ཡིན།

མེ་ཟོར།        2018-12-07

ཨ་མ་ནམ་མཁའི་ཉི་འོད་ཡིན།།
ཨ་མ་དཔྲལ་བའི་མིག་ཟུང་ཡིན།།
ཨ་མ་སེམས་ཀྱི་ཁེན་ས་ཡིན།།
ཨ་མ་བུ་ངའི་རྒྱབ་རི་ཡིན།།

ཨ་མ་ཚངས་པའི་ལྷ་མོ་ཡིན།།
ཨ་མ་ལྷག་བསམ་གཞི་མ་ཡིན།།
ཨ་མ་གློ་བའི་དྲོད་ཁུལ་ཡིན།།
ཨ་མ་དྲིན་གྱི་བདག་མོ་ཡིན།།

ཨ་མ་དུང་གི་ཟླ་བ་ཡིན།།
ཨ་མ་ཞོགས་པའི་མཚམས་སྤྲིན་ཡིན།།
ཨ་མ་སྐྱེ་དགུའི་ཡུམ་ཆེན་ཡིན།།
ཨ་མ་སྲིད་འདིའི་བདག་མོ་ཡིན།།

ཨ་མ་དྭངས་གཙང་མཚོ་མོ་ཡིན།།
ཨ་མ་ཁྲུང་ཁྲུང་དཀར་མོ་ཡིན།།
ཨ་མ་སྙིང་རྗེས་ས་བོན་ཡིན།།
ཨ་མ་ལུས་ཀྱི་སྦྱིན་བདག་ཡིན།།

ཨ་མ་གཡང་ཁྱིམ་ཚང་གི་ཡིན།།
ཨ་མ་བཞོ་འཛིན་བདག་མོ་ཡིན།།
ཨ་མ་སྦྲ་ནག་ཚང་གི་ཡིན།།
ཨ་མ་ཕྱུག་གི་རྫི་བོ་ཡིན།།

ཨ་མ་དྲི་ཟའི་དབྱངས་རྟ་ཡིན།།
ཨ་མ་དཔྱིད་ཀྱི་དཔལ་མོ་ཡིན།།
ཨ་མ་ཞུམ་མེད་སྙིང་སྟོབས་ཡིན།།
ཨ་མ་འཛུམ་དཀར་ཞི་འཇམ་ཡིན།།

ཨ་མ་ཡིད་འོང་ཆུ་སྐྱེས་ཡིན།།
ཨ་མ་གཡི་ཡི་ནེའུ་གསིང་ཡིན།།
ཨ་མ་རླབས་ཆེན་མི་བུ་ཡིན།།
ཨ་མ་བྲག་སྲིན་རྒྱུད་པ་ཡིན།།

ཨ་མ་སེམས་ཀྱི་གཅེས་ནོར་ཡིན།།
ཨ་མ་རེ་བའི་ཁྲི་ཤིང་ཡིན།།
ཨ་མ་བརྗེད་མེད་རི་མོ་ཡིན།།
ཨ་མ་བུ་ངས་ཡོད་ཚད་ཡིན།།

ཨ་མ་སྲིད་པའི་མིག་དཔེ་ཡིན།།
ཨ་མ་དྲོད་ཀྱི་མེ་དཔུང་ཡིན།།
ཨ་མ་སྙན་ངག་ལྷ་མོ་ཡིན།།
ཨ་མ་གངས་ཀྱི་སྲས་མོ་ཡིན།།

ཨ་མ་དྲན་པའི་ཕོན་པོ་ཡིན།།
ཨ་མ་རི་རྒྱལ་ལྷུན་པོ་ཡིན།།
ཨ་མ་ཐ་སྙད་ལམ་སྟོན་ཡིན།།
ཨ་མ་སྲོག་གི་སྐྱོར་མ་ཡིན།།

ཨ་མ་མཁའ་དབྱིང་འཇའ་ཚོན་ཡིན།།
ཨ་མ་དབྱངས་ཀྱི་གསལ་བྱེད་ཡིན།།
ཨ་མ་རིག་པའི་སྒྲོལ་མ་ཡིན།།
ཨ་མ་ལུས་ཀྱི་གྲུབ་མ་ཡིན།།

ཨ་མ་ཐོད་པའི་བསོད་རྣམས་ཡིན།།
ཨ་མ་འཚར་སྡུག་ཨུཏྤལ་ཡིན།།
ཨ་མ་ལས་ཀྱི་བཀའ་བཀོད་ཡིན།།
ཨ་མ་འཛམ་གླིང་བདག་མོ་ཡིན།།


  • ལེ་ཚན་སྔོན་མ།:རླུང་ལ་ཞོན་པའི་གླུ།
  • ལེ་ཚན་རྗེས་མ།:ང་དང་ཁྱོད་ཀྱི་འཇིག་རྟེན་གྲུ་བཞི།