རླུང་ལ་ཞོན་པའི་གླུ།

ལྗང་རླུང་།        2018-12-07

སེམས་པ་ཨེན་ཙམ་འཁྱུགས་པའི་ཚེ།།

རྣམ་རྟོག་ཡིད་ཀྱི་མེ་ལོང་དབུས།།

རྫི་མའི་རྩེ་རུ་ཆགས་པ་ཡི།།

ལས་ཀྱི་སྐར་ཚོགས་གཞན་དུ་དོང་།།

 

མི་རྟག་སྡུག་པའི་ཆུ་བོ་ལས་ནི་སྐྱེས་པ་ཡི།།

གནའ་བོའི་སྦྲ་འདབས་ལུག་ཁྱུ་དག་ནི་འཐོར་ཤུལ་དུ།།

འདབ་ལོ་གཅིག་གིས་སྟོན་ཟླ་དབང་དུ་བསྡུས་པ་བཞིན།།

མེད་པའི་ཆོས་ལ་བདག་ཡིད་འཁོར་བ་ལས་སྐལ་ཙམ།།

 

རྨི་ལམ་ཞིག་ཏུ་འོང་བ་ཡི།།

ཨ་ཐང་ཆད་པའི་ཕྱེ་མ་ལེབ།།

འདོད་པའི་ཁམས་ནས་ཕྱིར་ཕྱོགས་ཚེ།།

དཀའ་ཁག་ལོ་ཟླ་རིང་གྱུར་ཀྱང་།།

བདག་ཡིད་པདྨའི་མཚོ་མོ་ལས།།

ཁྱོད་ཞལ་ཟླ་བ་གཞོན་ནུ་འཆར།།

མ་ཡེངས་ཡིད་འདི་མེ་ལོང་འདྲ།།

བསྐལ་བ་དུ་མར་བསྒོམས་པ་ཡི།།

རླུང་ལ་ཞོན་པའི་རིག་འཛིན་ཚོགས།།

སྨུག་པའི་ཀློང་ནས་ཚུར་བྱོན་ནོ།།


  • ལེ་ཚན་སྔོན་མ།:མུན་ནག་གིས་འཇབ་ཀྱིན་པའི་ཕ་ས།
  • ལེ་ཚན་རྗེས་མ།:ཨ་མ་སེམས་ཀྱི་རྒྱབ་རི་ཡིན།