སྐྱབས་འགྲོ་གསར་མ།

རྔ་བ་ཕུན་ཚོགས།        2018-12-03

འཆི་གསོན་ནི་སེམས་ཅན་སྤྱིའི་བརྒྱུད་པའི་སྤྱི་འགྲོས་བཞིན།

སྐྱིད་སྡུག་གི་ཁ་ངོར་དོད་པའི་རྒྱལ་ཕམ་ཟེར་བའང་།

ཉིན་མཚན་གྱི་འཆར་ནུབ་གསེང་ནས།

ང་ལ་བདེན་རྫུན་གྱི་ཐ་སྙད་འགྲེལ།


གྲང་འཁྱགས་ཀྱིས་ཤི་བཞིན་པའི་སྲིན་འབུ་དག

ང་ཡི་སྙན་ངག་གི་ཚེ་བླ་བླངས་སོང་།

མྱི་ཚེ་འདིར་ང་ལ་འགྱོད་པ་ཆེན་པོ་གསུམ་ཡོད།

ཡང་ན་ཕུགས་བསམ་ཆེན་པོ་གསུམ་ཡོད།

གང་ནས་ཡོང་བའི་རྐང་རྗེན་ང་ཉིད།

གང་དུ་ཡོད་པ་གསལ་བོར་ཤེས་ན།

ཤར་རིའི་ཕྱོགས་ལ་རྡོག་པས་མནན་འགྲོ།


དུས་གསུམ་གྱི་འདོད་པ་སྦྲུམ་པའི་ཁྱེད་ཉིད།

སོ་ལྟ་དང་གཟབ་ཉན་སྒོས།

ད་རུང་ཡོད་ཡོད་འདྲ་བའི་ཐག་རིང་ཞིག་ལ་འགྲོ་དགོས།

ཆར་རྗེས་ཀྱི་འཇའ་འོད་སྙིང་བོ་མེད་པ་བདེན་ཡང་།

མྱིས་ཅིའི་ཕྱིར་འཇའ་ཚོན་ཞེས་བཏགས།

ཆེན་པོ་དང་ཆེན་པོ་དག

འཇའ་འོད་ཀྱིས་བཏུམ་ཞིང་འཇའ་ལུས་ལ་ཐིམ།

ཡིད་འོང་གི་རླངས་སྨུག་སྐྱ་བོར་འཇའ་ཚོན་སྣ་ལྔ་རུ་བོས།


འཁོར་བ་ལ་སྙིང་བོ་མི་འདུག་མ་ཟེར།

འཁོར་བ་ནི་སྙིང་བོ་འཚོལ་བའི་གྲོང་ཚོ་ཞིག་ཡིན།

མྱི་ཚེ་ཟེར་བ་ནི་རིང་ཡང་ཆོག་ལ་ཐུང་ཡང་རུང་།

སྙིང་བོ་ལོན་ན་འཆི་གསོན་གྱི་ཐ་སྙད་རང་གིས་བྲིས་ཆོག

སྙིང་བོ་ནི་ཅི་ཞིག་ཡིན།

དེ་ནི་མྱི་ཚེ་ཅི་ཡིན་པ་དེའོ།

མྱི་ཚེ་ནི་ཅི་ཞིག་ཡིན།

ཁྱོད་ཀྱིས་ད་ལྟ་ཅི་བྱེད་བཞིན་པར་འདྲའོ།


དཀོན་མཆོག་ལགས།

ཁྱོད་ཀྱིས་རང་གིས་རང་ལ་དེ་ལྟར་བོས།

རྒྱུ་མཚན་ངས་ཁྱེད་ཀྱི་ལས་དབང་ལ་ཅི་ཡང་བྱ་མི་ནུས།

ཁྱོད་རང་མྱི་ཡུལ་གྱི་མགྲོན་པོ་ཡིན་པ་ཤིན་ཏུ་བདེན་ན།

ཉིན་ཞག་དང་ལོ་ཟླ་སྐར་མདའ་བཞིན་ལྷུང་བས།

མཚན་མོ་འདིར་ཁྱོས་ཟླ་བ་མི་མཐོང་ངམ།

ཞོགས་པར།

ཤར་རིའི་སྐེ་རྒྱན་དེ་ལའང་།

མྱི་ཡུལ་གྱི་ཉི་མ་ཟེར་བ་མ་ཤེས་སམ།


  • ལེ་ཚན་སྔོན་མ།:མཚན་ལ་སྦྲུམ་པའི་སྙན་ངག
  • ལེ་ཚན་རྗེས་མ།:ཨ་མའི་ལྷ་ས།