ཆུང་མ།

ཁ་དྲག        2018-11-12

ཚེ་ཡི་དར་ཤིང་འཛུགས་ས་དེ།།

འདང་གི་དར་སྐུད་འཐེན་ས་དེ།།

རླུང་བུའི་ནང་གི་དྲི་འདྲ་མིན།།

ཆར་བའི་རྗེས་ཀྱི་འཇའ་འདྲ་མིན།།


ཐབ་ལ་མེ་ཁ་གསོ་མཁན་དེ།།

རུམ་ལ་བྲོ་ཀ་བསྡུ་མཁན་དེ།།

གྲམ་པའི་ནང་ན་བཏུ་རྒྱུ་མེད།།

སྡོང་བོའི་མགོ་ན་གཏོག་རྒྱུ་མེད།།


ཐང་ནས་རྙེད་པའི་ཁྱིམ་མི་དེ།།

ཡིད་རྟོན་འཕེར་བའི་བློས་ཐུབ་དེ།།

བྱམས་དུང་དུས་ན་མ་དང་འདྲ།།

བརྩེ་འཛུམ་ཚེ་ལ་ལྷ་དང་འདྲ།།


ཚིག་མཚམས་སྐྱོང་བའི་དམ་ཅན་དེ།།

ལུས་སེམས་འབུལ་བའི་སེམས་དཔའ་དེ།།

ན་དུས་ཁྲག་གི་ཁ་སྣོན་ཡིན།།

རྨས་དུས་ཤ་ཡི་ལྷན་པ་ཡིན།།


བློ་དང་གྲོས་ཁ་སྡུར་ས་དེ།།

རྒྱབ་དང་དཔུང་བ་འཁེན་ས་དེ།།

ཁང་བའི་བྲག་ཅ་གཏོར་མཁན་ཡིན།།

གོམ་པའི་ཚད་གྲངས་ལེན་མཁན་ཡིན།།


མཛེས་པ་ཀུན་གྱི་མཐར་ཐུག་དེ།།

སྙན་པ་ཡོངས་ཀྱི་ཡང་རྩེ་དེ།།

མེ་ལོང་དགོས་པའི་རྒྱུ་མཚན་ཡིན།།

ཆོས་གོས་སྤང་བའི་གནས་ལུགས་ཡིན།


སྣང་བ་ཡན་སའི་བྲོ་ར་དེ།།

ངལ་དུབ་བསྐྱུངས་སའི་དགའ་ཚལ་དེ།།

ཚིགས་བཅད་བརྒྱ་ཡིས་མི་ཤོད་དོ།།

ཚོན་སྨྱུག་སྟོང་གིས་མི་ཕྲིས་སོ།།


  • ལེ་ཚན་སྔོན་མ།:བྱམས་ལྡན་གྱི་ཨ་མ།
  • ལེ་ཚན་རྗེས་མ།:སྔོན་པོ།༼ཞར་བཀོད་གཉིས།༽