བྱམས་ལྡན་གྱི་ཨ་མ།

དུད་ཁ་དོང་སྤྲུག        2018-11-12

ཟླ་དགུ་ཞག་བཅུ་ལུས་ལ་ངལ་བས་ཁུར།།

ཚེ་འདིར་མི་ལུས་རིན་ཆེན་གནང་བའི་མ།།

ཡོད་ཚད་ང་ལ་བློས་གཏོང་བྱེད་མཁན་དེ།།

དྲིན་ཆེན་མ་ཡུམ་ཡིན་ནོ་གཅེས་ལོ་མ།།


མངར་བའི་ནུ་འོ་སྣུན་ཞིང་རྒྱབ་ཏུ་ཁུར།།

ཞིམ་པའི་ཁ་ཟས་གང་ཡག་ང་ལ་སྦྱིན།།

ལུས་ཀྱི་དྲོད་ལ་གཅར་ནས་སྐྱོང་མཁན་དེ།།

དྲིན་ཆེན་མ་ཡུམ་ཡིན་ནོ་གཅེས་ལོ་མ།།


ཁ་ལུད་སྣབས་ལུད་ཁ་ཡི་བལྡགས་ནས་འཕྱིས།།

གཅིན་དང་སྐྱག་པ་བྱམས་པའི་ལག་པས་ཕྱིས།།

ནམ་ཡང་བརྩེ་བས་སྐྱོང་བའི་ལྷ་མོ་དེ།།

དྲིན་ཆེན་མ་ཡུམ་ཡིན་ནོ་གཅེས་ལོ་མ།


འཇིག་རྟེན་འདི་རུ་མངོན་ལྐོག་མེད་པའི་མི།།

སྡིག་སྨོད་དེར་ཡང་བྱམས་པའི་དྲོད་ཡོད་པ།།

རེ་བའི་མིག་ཟུང་བདག་ལ་བཅངས་མཁན་མ།།

དྲིན་ཆེན་མ་ཡུམ་ཡིན་ནོ་གཅེས་ལོ་མ།།


ངོ་དགའི་དོན་དུ་ཚིག་གཅིག་མ་ལབ་ཅིང་།།

ང་ལ་ཁ་ཞེ་གཉིས་མེད་ལྷག་བསམ་བཅངས།།

རྡེབ་རྡུང་བྱས་ཚད་བརྩེ་བས་བླན་པའི་མོ།།

དྲིན་ཆེན་མ་ཡུམ་ཡིན་ནོ་གཅེས་ལོ་མ།།


  • ལེ་ཚན་སྔོན་མ།:ཁྱེད་རང་དྲན་དུས་སྙན་ངག་བྲིས།
  • ལེ་ཚན་རྗེས་མ།:ཆུང་མ།