བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ་།

        2018-09-14

 

བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ་།

    ཡ།ད་ཨ་ཅེ་བསམ་དོན་འགྲུབ་རྒྱུ་པོ།།ས་གཞི་སེར་པོའི་ཡང་སྟེང་ནས།།གོམ་གསུམ་གོམ་པ་གྱེན་ལ་སྤོས།།མཐའ་ཡར་ལ་འགྲོ་བའི་རྟེན་འབྲེལ་རེད།།ལས་ཅི་བསམ་འགྲུབ་པའི་སྨོན་ལམ་འདེབས།།ཞེས་པས་མཚམས་སྦྱར་ནས།

   སྔོན་དུ་ས་བཤད་མདོར་བསྡུས་ཤིག་བྱེད་ན།གནས་ཁམས་ཆེན་བྲག་དཀར་སྤྲེལ་རྫོང་ལ།ངས་བསྟོད་པ་རྣམ་གསུམ་རེ་རྒྱབ་ན།ས་འདི་ནས་ཡར་ལ་ལྟོས་དང་།རི་མགོ་སྤང་གིས་བརྒྱན་ས།རྟ་ནོར་ལུག་གིས་གང་ས།རི་ཁོག་གཏེར་གྱིས་གང་ས།གསེར་སེར་པོ་རྒྱ་མ་བཀྱག་ས།རི་འདབས་ཟངས་ཀྱིས་བསྐོར་ས།འབྲུ་དྲུག་སྣ་ལྔ་འཁྲུངས་ས།སངས་རྒྱས་སྟོང་གི་བླ་རི།དགེ་འདུན་སྟོང་གི་གདན་ས།ཁ་མི་དལ་མ་ཎི་ཡིག་དྲུག་འདོན་ས།ལུས་མི་དལ་ཕྱག་དང་བསྐོར་བ་བྱེད་ས།ད་སྟོད་ཀྱི་ཡུལ་དུ་འབྲོག་གི་ས།ཐང་ཆེན་པོ་གོས་གདན་བཏིང་འདྲ།སྨན་མེ་ཏོག་ལོ་འདབ་རྒྱས་ས།རྟ་ནོར་ལུག་འཕེལ་ཁ་དར་ས།ཤིང་སིལ་ཏོག་འབྲས་བུ་སྨིན་ས།ད་སྨད་ཀྱི་ཡུལ་དུ་རོང་གི་ས།ས་ཞིམ་པོ་སྣུམ་གྱིས་བཟུང་ས།འབྲུ་ལོ་ཡག་སྙེ་མ་འཁྲུངས་ས།ཆར་སིལ་མ་དུས་ལྟར་འབབ་ས།སྐྱིད་སྐལ་བཟང་ལོ་ཡག་འཁྲུངས་ས།འཛོམ་གསུམ་འཛོམས་པའི་ས་ཆ།ཡ་དེང་ལྷ་ཡི་སྡེ་པ།སྟོབས་འབྱོར་རྒྱས་པའི་ཡུལ་གྲུ།རི་ནག་པོ་གོ་མཛོད་གཡུ་རྩེ།སྤང་སེར་པོ་གསེར་ཐང་དྲུག་མདོ།ཆུ་གཙང་པོ་རྫ་ཆུ་ཟིལ་མ།དཀར་འོ་མའི་རྒྱ་མཚོ་འཁྱིལ་འདྲ།སོགས་གང་འོས་སྦྱར།

  དེ་ནས་དར་བཤད་དངོས་ནི།ཡ།ད་དེ་རིང་དར་དཀར་པོ་འདི་ལ་བཤད་པ་ཅུང་ཟད་ཅིག་བྱས་ན།སྟོད་རྒྱ་གར་ཡུལ་ནས་ཆོས་གཅིག་དར།།ཆོས་མ་དར་གོང་ནས་དར་གཅིག་དར།།དར་དཀར་པོས་ཆོས་ཀྱི་སྣ་འདྲེན་བཟོས།།བར་བལ་པོའི་ཡུལ་ནས་རྒྱུ་གཅིག་དར།།རྒྱུ་མ་དར་གོང་ནས་དར་གཅིག་དར།།དར་དཀར་པོས་རྒྱུ་ཡི་རྒྱལ་པོ་བཟོས།།སྨད་རྒྱ་ནག་ཡུལ་ནས་ཁྲིམས་གཅིག་དར།།ཁྲིམས་མ་དར་གོང་ནས་དར་གཅིག་དར།།དར་དཀར་པོས་ཁྲིམས་ཀྱི་སྲོག་ཤིང་བཟོས།།དར་དཀར་འདི་ལ་འདོམ་གང་ཡོད།།ཁ་ལས་ཀླུང་རྟ་དར་བའི་དར་དཀར་ཟེར།།ཁ་ཚར་འདི་ལ་ཁྲུ་གང་ཡོད།།ལས་དབང་ཐང་དར་བའི་ཁ་ཚར་ཟེར།།བླ་མ་གསེར་ཞྭ་ཅན་གྱིས་ཆོས་དར་བཟོས།།དཔོན་པོ་ལྭ་ཐོད་ཅན་གྱིས་ཁྲིམས་དར་བཟོས།།སྟག་ཤར་དགྲ་ལྷ་ཅན་གྱིས་སྒེར་དར་བཟོས།།མ་སྲུ་མོ་སྨན་རྣམས་ཀྱིས་བསུ་དར་བཟོས།།ངས་དར་དཀར་གཡས་ལ་འཕྱར་རྒྱུ་འདི།།གཡས་རི་འདི་ལ་བསྟོད་པ་ཡོད།།གཡས་རི་སྟག་མོ་འགྱིང་འདྲ་ཡོད།།དར་དཀར་གཡོན་ལ་འཕྱར་རྒྱུ་འདི།།གཡོན་རི་འདི་ལ་བསྟོད་པ་ཡོད།།གཡོན་རི་ཉི་ཟླ་ཁ་སྤྲོད་ཡོད།།རྒྱབ་ལ་དར་དཀར་འཕྱར་རྒྱུ་འདི།།རྒྱབ་རི་འདི་ལ་བསྟོད་པ་ཡོད།།རྒྱབ་རི་ནོར་གྱི་བང་མཛོད་ཡོད།།མདུན་ལ་དར་དཀར་འཕྱར་རྒྱུ་འདི།།མདུན་རི་འདི་ལ་བསྟོད་པ་ཡོད།།མདུན་རི་གླང་ཆེན་འགྱིང་འདྲ་ཡོད།།ཐང་འདི་ལ་བཀྲ་ཤིས་ཆོས་ཐང་ཟེར།།ཆུ་འདི་ལ་བདུད་རྩི་ཟིལ་མ་ཟེར།།མི་ང་ལ་བཀྲ་ཤིས་དོན་འགྲུབ་ཟེར།།བདེ་སྐྱིད་འཛོམས་པའི་ཚོ་པ་ཟེར།།ཟས་ནོར་འཛོམས་པའི་གཡང་ས་ཟེར།།ཁྱོད་དགའ་སྤྲོའི་ངང་ནས་འབབས་འདོད་གྱིས།།ཞིམ་མངར་བདུད་རྩིའི་གསོལ་འདྲེན་ཡོད།།ཤ་མར་ཐུད་ཀྱི་སྟོན་མོ་ཡོད།།འབབ་སྟན་གཡུང་དྲུང་གཡས་འཁྱིལ་ལ།།ལུག་ཤ་ཟན་བརྒྱ་ཡི་ཁ་ཆུ་ཡོད།།ཐོང་པ་བརྒྱ་ཡི་དུང་ཡུ་ཡོད།།ལུ་གུ་བརྒྱ་ཡི་ནུ་ཡུ་ཡོད།།བཞག་མི་བཀྲ་ཤིས་དོན་འགྲུབ་ཟེར།།དྲིལ་མི་བསོད་ནམས་དོན་འགྲུབ་ཟེར།།ལེན་མི་འགྱུར་མེད་བསམ་འགྲུབ་ཟེར།།སེར་པོ་གསེར་གྱི་དགུ་ཚན་ཡོད།།ཁམ་པ་དངུལ་གྱི་དགུ་ཚན་ཡོད།།སྔོན་པོ་གཡུ་ཡི་དགུ་ཚན་ཡོད།།སྨན་ཆུང་བུ་མོ་འབབ་ས་གྱིས།།ཞེས་དང་།

   དེ་ནས་སྐྱེལ་མིའི་རྩར་སོང་ནས།སྐྱེལ་མ་བསམ་དོན་འགྲུབ་རྒྱུ་པོ།།དར་དཀར་གནམ་ལ་འཕྱར་རྒྱུ་འདི།།གནམ་ཨ་སྔོན་འདི་ལ་བསྟོད་པ་ཡོད།།གནམ་ཨ་སྔོན་འཁོར་ལོ་རྩིབས་དགུ་ཡོད།།དར་རྔ་ས་ལ་འདྲུད་རྒྱུ་འདི།།ས་དོག་མོ་འདི་ལ་བཤད་པ་ཡོད།།ས་དོག་མོ་པདྨ་འདབ་བརྒྱད་ཡོད།།བར་འདི་ལ་བཀྲ་ཤིས་རྟགས་བརྒྱད་ཚང་།།བསོད་ནམས་རི་བོ་བཞིན་དུ་བརྟན་སྤྱད་ཡིན།།རྒྱུད་ནི་ཉི་ཟླ་བཞིན་དུ་གསལ་སྤྱད་ཡིན།།སྙན་གྲགས་ནམ་མཁའ་ལྟ་བུ་ཁྱབ་སྤྱད་ཡིན།།བཀྲ་ཤིས་པའི་དར་དཀར་ཁྱོད་ལ་འཕེན།།དོན་འགྲུབ་པའི་སྲབ་མདའ་ང་ལ་གཏོད།།ཅེས་གླིང་ཡ་དེང་གི་ས་ནས་དར་བའི་བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ་འདི་ནི།རབ་བརྟན་དགེ་ལེགས་ཕུན་ཚོགས་པས་ཆུ་འབྲུག་ཐ་སྐར་ཟླ་བའི་ཚེས་ཉེར་དྲུག་ལ་གླིང་རྗེའི་འཁྲུངས་ཡུལ་ལྕི་སོས་ཡག་མདོ་ནས་བསྡུས་པ་དགེའོ།།


  • ལེ་ཚན་སྔོན་མ།:རྒྱལ་རོང་ཆང་གི་རིག་གནས།
  • ལེ་ཚན་རྗེས་མ།:འབྲས་དཀར་འདོད་དོན་ཀུན་འགྲུབ།