ཁམས་པའི་འཛུམ་རིས། 2018-09-14
བསྭོ་བསྭོ། ཉི་མ་ཤར་གྱི་རྩེ་མོ་བསྭོ།། ཨ་རྗེ་འབྲས་རྗེ་དཀར་པོ་བསྭོ།། འབྲས་དཀར་ཡིད་བཞིན་ནོར་བུ་བསྭོ།། འབྲས་ཕྲུག་བསམ་པའི་དོན་འགྲུབ་བསྭོ།། ལགས་སོ་ལེགས་སོ་སྐུ་ཞབས་ལགས།། སྐུ་ཞབས་རྒྱལ་བ་རིན་པོ་ཆེ།། རྒྱལ་དབང་ལྔ་པ་རིན་པོ་ཆེ།། སྟོད་ལ་རྒྱ་གར་རྒྱལ་པོ་ཆགས།། སྨད་ལ་རྒྱ་ནག་རྒྱལ་པོ་ཆགས།།
རྒྱ་བོད་གཉིས་ཀྱི་ས་མཚམས་ནས།། ང་འབྲས་དཀར་བསམ་པའི་དོན་འགྲུབ་ཟེར།། ད་ནངས་ཡོང་བ་ཤར་ནས་ཡོང་།། ཤར་རྡོ་རྗེ་སེམས་དཔའི་མདུན་ནས་ཡོང་།། དོ་ནུབ་འགྲོ་བ་ནུབ་ཏུ་འགྲོ།། ནུབ་སྣང་བ་མཐའ་ཡས་མདུན་དུ་འགྲོ།། ཇ་སྔ་ཇ་དང་པོ་ཁ་ལ་བཞག། ཅེས་བཟླས་པས། གཉེར་པ་ངག་དབང་ཕུན་ཚོགས་ཀྱིས་རབ་གསལ་ཤེལ་གྱི་པ་ཏྲ་ནས་མར་གཟིགས་ཏེ།འབྲས་དཀར་རྒད་པོ་ཡར་ལ་ཕེབས་དང་། ཡར་ལ་ཕེབས་ཟེར། འོ་ལགས་སོ།། ལེགས་སོ་བཟླས་ནས། ཕོར་པ་ཨ་འཇའ་བཀྲ་ཤིས་དེ་རུམ་ནང་ཚུར་བླངས་ནས།
ཕོར་པ་ལ་ཨ་འཇའ་བཀྲ་ཤིས་ཟེར།། ལྟོ་བ་ལ་ཡང་འཇའ་བཀྲ་ཤིས་ཟེར།། ཕྱི་ལ་བལྟས་ན་རི་བོ་འདྲ།། རི་བོ་ལ་རི་དྭགས་འཁོར་ས་རེད།།ནང་ལ་བལྟས་ན་རྒྱ་མཚོ་འདྲ།། རྒྱ་མཚོ་ལ་ཉ་སྲམ་འཁོར་ས་རེད།། ཅེས་བཟླས་ཏེ། གཉེར་པ་ངག་དབང་ཕུན་ཚོགས་ཀྱི་མདུན་དུ་ཕོར་པ་ཨ་འཇའ་བཀྲ་ཤིས་དེ་ཀོབས་སེ་བཞག། ཆང་གང་བླུགས་པ་འཐུང་བས་ཞིམ་ལ་ལ། དོ་བླུགས་པ་འཐུང་བས་མངར་ལ་ལ། གསུམ་བླུགས་པ་འཐུང་བས་ཅི་ཡིན་དང་འདི་ཡིན་མ་ཤེས། ང་འབྲས་དཀར་རྒད་པོ་ཆང་གིས་བཟི་ནས་ལྷ་སའི་ཁྲོམ་གྱི་སྐེད་པ་ཕར་ན་ཆོབས་སེ་སྒོབས་སེ་འགྱེལ། ཨད། ཨད། ཆང་དང་པོ་འཐུང་ན་སྐུ་ལ་ཕོག།སྐུ་ཁམས་བདེ་ཞིང་ལྷོད་པ་ཡིན།། གཉིས་པ་འཐུང་ན་ཐུགས་ལ་ཕོག།ཐུགས་རྒྱུད་དར་ལས་འཇམ་པ་ཡིན།། གསུམ་པ་འཐུང་ན་ལྗགས་ལ་ཕོག། གཏམ་རྒྱུད་ཆུ་ཡིས་རིང་བ་ཡིན། ལགས་སོ།།ལེགས་སོ་བཟླས།
ང་ལྷ་བྱ་ཁུ་ལོ་མིན་ན་གོ།། གསུང་སྙན་ལན་གསུམ་བརྒྱབ་ན་བསམས།། ཀི་ཀུག། ཀི་གུག། ང་ཕོ་རོག་ནག་ཆུང་མིན་ན་གོ།། ཤ་འགྱུར་ལན་གསུམ་བརྒྱབ་ན་བཟླས།། ཨ། ཨ། གྲོགས། གྲོགས། ང་སྨན་ཆུང་བུ་མོ་མིན་ན་གོ།། གླུ་ཆུང་རེ་རེ་བླང་ན་བསམས།། ཨ་ལ་ཡེ། ཨི་ཧིས་ཧིས།
ལྷ་ས་མ་ཆགས་ལྷ་ས་ཆགས།། ལྷ་ས་རྒྱ་མཚོའི་སྟེང་ལ་ཆགས།། བསམ་ཡས་མ་ཆགས་བསམ་ཡས་ཆགས།། བསམ་ཡས་བྱེ་མའི་གླིང་ལ་ཆགས།། དགའ་ལྡན་མ་ཆགས་དགའ་ལྡན་ཆགས།། དགའ་ལྡན་རི་བོའི་རྩེ་ལ་ཆགས།། རྭ་སྒྲེང་མ་ཆགས་རྭ་སྒྲེང་ཆགས།།རྭ་སྒྲེང་ཤུག་པའི་གསེབ་ན་ཆགས།།ཆབ་མདོ་མ་ཆགས་ཆབ་མདོ་ཆགས།།ཆབ་མདོ་ཆུ་གཉིས་བར་ལ་ཆགས།།སྡེ་དགེ་མ་ཆགས་སྡེ་དགེ་ཆགས།།སྡེ་དགེ་སྡེ་གཉིས་བར་ལ་ཆགས།།ཆགས་ལུགས་མི་གཅིག་ཁ་ཁ་རེད།།ཆོས་ལུགས་མི་གཅིག་སོ་སོར་རེད།།
ངའི་ལག་གི་བེར་ཀ་ཁྲ་ཆུང་ལ།།བཤད་པ་ལན་གསུམ་རྒྱག་རྒྱུ་ཡོད།།བསྟོད་པ་ལན་གསུམ་རྒྱག་རྒྱུ་ཡོད།།འདི་ཉིན་ནས་བཏུས་པའི་ཤུག་པ་མིན། །སྲིབ་ནས་བཏུས་པའི་འབོ་ལོ་མིན།། ཉིན་སྲིབ་བར་གྱི་ལྕང་མ་མིན།། ལྷོ་ཚ་བ་རོང་གི་ཚ་ཤིང་རེད།། ལྷ་ཨོ་རྒྱན་པདྨའི་སྒྲུབ་ཤིང་རེད།། འབྲས་དཀར་ང་ཡི་འགྲོ་རོགས་རེད།། རྒྱབ་ལ་ཁུར་ན་བོའུ་དང་འདྲ།། རྫས་མུ་ཟི་མི་དགོས་ངོ་མཚར་ཆེ།། སྐེད་ལ་བཙང་ན་གྲི་དང་འདྲ།། གྲི་གྲི་ཤུབས་མི་དགོས་ངོ་མཚར་ཆེ།། འོག་ལ་བཅིབ་ན་རྟ་དང་འདྲ།། གསོ་གཟན་རྩྭ་མི་དགོས་ངོ་མཚར་ཆེ།།
སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། སྨད་རྒྱ་ནག་རྒྱལ་པོའི་ཇ་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། ནུབ་ཏ་ཟིག་རྒྱལ་པོའི་ནོར་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། བལ་པོ་རྒྱལ་པོའི་ལུག་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། ཁ་ཆེ་རྒྱལ་པོའི་རྟ་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། གླིང་གེ་སར་རྒྱལ་པོའི་དཔའ་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། འདན་ཟ་ཧོར་རྒྱལ་པོའི་འབྲུ་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། ལྷོ་འཛམ་བུ་གླིང་གི་རྒྱུ་གཡང་དེ།། ཁྱོད་ལ་འཁོར་བའི་རྟེན་འབྲེལ་འགྲིག། ང་འབྲས་དཀར་མ་སོང་ས་གཅིག་མེད།། རྟེན་འབྲེལ་མ་འགྲིག་ས་གཅིག་མེད།། ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ།།
༼རབ་བརྟན་དགེ་ལེགས་ཕུན་ཚོགས།༽
༼རྩོམ་སྒྲིག་པ། མགར་རྒྱལ་སྲས།༽
རྩོམ་གསར། 10