ཚེ་མི་རྟག་པ་སྒོམ་པའི་གླུ་ཆུང་།

        2018-09-27

         

ཚེ་མི་རྟག་པ་སྒོམ་པའི་གླུ་ཆུང་།

     སྐྱེ་བ་རྒས་པ་འཆི་བ་གསུམ།། གཅིག་ལ་མ་རེད་ཀུན་ལ་རེད།། སྐྱེ་འགྲིབ་གཙང་ཆབ་ཆུ་ལ་ཡོད།། སྐྱེ་རྒས་དམར་ཡག་སྟག་ལ་ཡོད།། འདས་འཁྲུངས་ཉི་ཟླ་གཉིས་ལ་ཡོད།། སྐྱེ་ཤི་འཇིག་རྟེན་བོད་ལ་དར།། ང་སྐྱིད་ན་བླ་མའི་བཀའ་དྲིན་རེད།། ཡང་ཡང་གསོལ་བ་འདེབས་ས་རེད།། སྡུག་ན་སྔོན་གྱི་ལས་དབང་རེད།། ཡང་ཡང་བཟོད་པ་བསྒོམ་ས་རེད།། སེམས་རང་སེམས་སྐྱིད་ན་ཞིང་ཁམས་རེད།། གནས་འདི་ཡི་ཕར་ན་དཔལ་རི་མེད།། སྣང་བ་མི་བདེན་སྒྱུ་མ་རེད།། སྒྱུ་མའི་འཁྲུལ་འཁོར་བཤིག་རྒྱུ་རེད།། སྐྱིད་ཟེར་བ་ཐ་རེ་ཐེངས་རེ་རེད།། ཚེ་མི་རྟག་ནམ་ཡོང་ཆ་མེད་རེད།། སྔ་དུས་ད་དུས་མི་འདྲ་འདུག། ད་དུས་དེང་སང་མི་འདྲ་འདུག། དབྱར་གསུམ་ཉི་མ་དྲོ་ལེ་དེ།། དགུན་གསུམ་མིན་པ་མ་དྲན་འདུག། ཚེ་ཡར་སྟོད་ཕ་མ་བཟང་ལེ་དེ།། ཚེ་སྨད་མིན་པ་མ་ཤེས་འདུག། མི་ན་ལུས་ཀྱི་བདེ་བ་དེ།། ན་དུས་མ་གཏོགས་མ་དྲན་འདུག། གསོན་དུས་འདུག་སྐྱིད་ཡོད་ལེ་དེ།། འཆི་དུས་མ་གཏོགས་མ་ཤེས་འདུག། དབྱར་ཟླ་གསུམ་སྤང་ལ་མེ་ཏོག་འཁྲུངས།། སྟོན་མགོ་མའི་ནང་ནས་བ་མོས་ཁྱེར།། དཔེ་དེ་བཞིན་མི་རྟག་འཆི་བ་བསྒོམ།། དབྱར་ལོ་ཡག་སྙེ་མ་ཟེར་རྒྱུ་དེ།། སྟོན་མགོ་མའི་ནང་ནས་ཟོར་བས་བྲེག། དཔེ་དེ་བཞིན་མི་རྟག་འཆི་བ་བསྒོམ།། ཕྱི་རྒྱ་མཚོ་སྔོན་པོ་གནམ་གྱི་མདོག། དགུན་མགོ་མའི་ནང་ནས་དར་གྱིས་བཟུང་།། དཔེ་དེ་བཞིན་མི་རྟག་འཆི་བ་བསྒོམ།། ཕྱུགས་འབྲི་ལུག་བཞོ་བའི་བུ་མོ་ཚོ།། ངོ་མིག་ཆུ་བསྐོར་རེ་ས་མཐར་འཁྱར།། དཔེ་དེ་བཞིན་མི་རྟག་འཆི་བ་བསྒོམ།། རྟ་གོང་ཆེན་ཞོན་པའི་ཕོ་སར་ཚོ།། སེར་གོག་གེར་གོ་ཁ་ཉལ་སར་ལྷུང་།། དཔེ་དེ་བཞིན་མི་རྟག་འཆི་བ་བསྒོམ།། རྒྱབ་ཆོས་གོས་གྱོན་པའི་དགེ་སློང་ཚོ།། སྐྱ་སྐེ་རེ་བཟའ་མང་ཨ་ཕ་རེད།། དཔེ་དེ་བཞིན་མི་རྟག་འཆི་བ་བསྒོམ།། བན་ཆུང་ཆུང་ཆོས་ལ་བསམ་མི་ཚོ།། བཀའ་ཡིག་ཆུང་འདོན་ནས་གྲོང་ཆོག་འགྲིམ།། དཀོར་ནག་པོ་ཐལ་བ་འགོམ་འགོམ་བྱེད།། རྒས་ཉལ་སར་ལྷུང་དུས་ཡི་རེ་མུག། ཤི་བར་དོ་འགྲིམ་དུས་ཤ་རེ་ཚ།། སྟག་ཤར་ལུ་ཇག་ལ་འགྲོ་མི་ཚོ།། སྐེད་འཁོར་གསུམ་བསྐོར་ནས་རི་ལ་འགྲིམ།། རྔོན་རི་དྭགས་ཤྭ་གནའ་རྒོ་གསུམ་བསད།། རྒས་ཉལ་སར་ལྷུང་དུས་ཡི་རེ་མུག། ཤི་བར་དོ་འགྲིམ་དུས་ཤ་རེ་ཚ།། སྨན་བུ་མོ་གནས་ལ་འགྲོ་མི་ཚོ།། མགོ་སྤོས་ཞྭ་གོན་ནས་གནས་ལ་འགྲོ།། དྲིན་ཕ་མ་སྐྱུར་ནས་མི་གཡོག་བྱེད།། རྗེས་འགྱོད་པ་ཟེར་དུས་ཡི་རེ་མུག། ཤི་བར་དོ་འགྲིམ་དུས་ཤ་རེ་ཚ།། གླུ་དེ་ཚོ་མ་བརྗེད་སེམས་ལ་ཞོག། ལས་ཅི་ལ་ཐུག་ཀྱང་མ་ཎི་བགྲང་།། གསོན་གྲང་ངར་ཁམས་ནི་གནས་ཚང་རེད།། གནས་ཚང་ཡིན་པ་ཡིད་ལ་ཞོག། ཚེ་ཕྱི་མའི་ཡུལ་དེ་ཕ་ཡུལ་རེད།། ཕ་ཡུལ་ཡིན་པ་ཞེ་ལ་ཞོག། གཞི་འཁོར་བ་ཨ་ཐིག་རྩེ་ར་རེད།། གླུ་གོ་ན་ཡིད་ལ་དེ་འདྲ་ཞོག། ད་མ་གོ་གླུ་ལ་ཡང་ལེན་མེད།། ཅེས་ཆུ་འབྲུག་ཐ་སྐར་ཟླ་བའི་ཚེས་ཉེར་གཉིས་ལ་སྐྱིད་སོས་ཡག་གི་ཁ་མདོ་ནས་འབྲི་བ་པོ་ནི་རབ་བརྟན་དགེ་ལེགས་ཕུན་ཚོགས་ཏེ། ནང་དོན་ཕལ་ཆེར་ཞལ་ལུ་ཁྲ་ལུས་བླངས་དུས་ཀྱི་གླུ་དང་འདྲ་བར་ཡོད་དོ།།

  • ལེ་ཚན་སྔོན་མ།:འབྲས་དཀར་འདོད་དོན་ཀུན་འགྲུབ།
  • ལེ་ཚན་རྗེས་མ།:ཆུང་གཞོན་རྒས་གསུམ་གྱི་ལོ་རྒྱུས་དྲན་པའི་གླུ་ཆུང་།