རྒྱལ་རོང་ཆང་གི་རིག་གནས།

གཉགས་ཆོས་ཉིད་རྡོ་རྗེ།        2018-06-15

རྒྱལ་རོང་ཆང་གི་རིག་གནས།

༡.ཆང་གི་ཕབས་རྟ།

     ཆང་ནི་ཕབས་རྟ་དང་གྲོ། ནས། པྲ་བོ།མ་རྨོས་ལོ་ཏོག་སོགས་འབྲུ་རིགས་རྣམས་རྒྱུ་བྱས་ནས་བྱུང་བ་ཞིག་ཡིན་པས། དང་པོ་ཕབས་རྟའམ་ཕབས་རྩི། ཆང་རྩི་སོགས་སུ་གྲགས་པ་ནི། བོད་ས་གནས་སོ་སོར་འདིའི་ཐོན་ཁུངས་མོད་པོ་དང་། ལག་རྩལ་བྱང་མ་ཡིན་པ་བཞིན། རྒྱལ་རོང་བྲག་སྟེང་ས་ཆ་འདིར་ཡང་སིན་ཅོ་བྱ་བའི་གྲོང་པ་ཁག་འདི་ཚོར་ཕབས་རྟ་བཟོ་རྒྱུའི་ལག་རྩལ་གྱི་རྒྱུན་སྲོལ་ཡོད་ལ། ས་ཆ་འདིའི་ཕབས་རྟའི་ཐོན་ཁུངས་གཙོ་བོ་ཞིག་ཀྱང་ཡིན། འདི་ཡང་གཞི་ནི་མེ་ཏོག་ཅིག་ཡིན་ཞིང་། མིང་ལ་ཆང་རྩིའི་མེ་ཏོག་དང་བྲག་སྟེང་རང་སྐད་དུ་པལ་པ་ཞེས་ཀྱང་འབོད། ཟླ་བ་བདུན་པ་བརྒྱད་པའི་ནང་ཁྲུ་གང་ཉེ་བ་སྐྱེས་ནས་འཐུ་རན། མདོག་དཀར་པོ་དང་སྔོན་པོ། ཅུང་དམར་ཤད་ཅན་ཡང་ཡོད། བསྣམས་ན་ཆང་དྲི་འཐུལ། ཡུལ་རི་མཐོ་སྤང་སྒང་གི་འབྲོག་ས་དག་ཏུ་སྐྱེ་བའི་འདབ་མ་ཟླུམ་པོའི་དབྱིབས་ཅན་ཡོད། མེ་ཏོག་དེ་བཏུམས་ནས་བསྐམས་ཏེ་ཞིབ་མོར་བཏུལ་བ་རྣམས་སླར་ཡང་ཆུས་བརྗིས་ཏེ་རྡོག་པོ་ཆུང་ཆུང་མང་པོ་བྱས་པས་ཕབས་རྟའང་ཆང་རྩི་གྲུབ།

༢.ཆང་བཙོ་ཚུལ།

     ཆང་ཕབས་པའི་ཚེ། དང་པོ་གྲོ་ནས་སོགས་འབྲུ་རིགས་གང་ཡིན་རྣམས་ཁྲོ་ཆེན་པོའི་ནང་ཚོས་པར་བཙོས་ནས་སླར་ཚགས་ཆེན་པོའི་ནང་ཐང་མར་བརྡལ་ཏེ་འཁྱག་ཚར་མཚམས་ཆང་ཕབས་བཏུལ་བའི་ཕྱེ་མ་བཏབ་སྟེ་འདྲེས་པར་བསྲེ། གོས་དྲོན་པོས་བཀབ་ནས་ཉིན་གཉིས་ཙམ་བསྙལ་བས་ཆང་དྲི་བྲོ་བ་ཡོང་། དེ་སླར་ཡང་ས་རྫ་ཆེན་པོ་སྦང་མ་རྒྱ་མ་བརྒྱད་ཅུ་ཙམ་འགྲོ་བར་བླུགས་ནས་དོ་ཕྱར་དང་གོས་རྙིང་གིས་གཅུན་ཏེ་དྲོ་བར་སྙོལ། དབྱར་ཡིན་ན་ཉིན་བཅུ་ཙམ་དང་དགུན་དུས་ཉིན་བཅོ་ལྔ་ཡན་དེ་ལྟར་འཇོག་རྒྱུ་དང་། ཆང་རྩི་ཉུང་པར་བསྲེས་ན་དགུན་དུས་ཟླ་བ་རེ་གཉིས་འཇོག་པ་ཡང་ཡོད་ཀྱང་། ཆང་རྩི་ཉུང་བའང་དབྱར་དུས་ལ་ཁེལ་བ་དང་། དེ་མིན་དགུན་ཁ་ལྟ་བུར་ཡང་ཆེས་སྙོལ་ཡུན་རིང་ན་ཆང་སྐྱུར་འགྲོ་ཉེན་ཡོད་པ་རེད།

༣.ཆང་ཕབས་ཚུལ།

     གོང་སྨོས་ཀྱི་བརྒྱུད་རིམ་དེ་དག་ནི་ཆང་བཙོ་བའི་རིམ་པ་ཙམ་ལས་ཆང་ངམ་ཨ་རག་དངོས་སུ་ཐོན་མེད་ཅིང་། དེ་ནས་ཆང་ཕབས་པའི་བྱ་བ་ལ་འཇུག་དགོས་པ་ཡོད་དེ། སྔ་མའི་བྱ་བ་རྣམས་གྲུབ་ནས་དགོས་ངེས་ཀྱི་དུས་བཅད་སོང་བ་ན། སོ་སོའི་རང་ཁྱིམ་དུ་བཏུང་བྱ་དུས་ཡུན་ངེས་ཅན་ཞིག་འདང་དགོས་པའམ། ཡང་ན་འགྲུལ་བ་གལ་ཆེན་བསླེབས་པ་དང་། དུས་སྟོན་སོགས་སུ་ཆེད་དམིགས་ཀྱིས་ཕབས་རྒྱུ་ཡིན་པས། ཐབ་ཐོག་ཏུ་ཁྲོ་ཆེན་པོ་བསྐྱོད་ཏེ་ཆུ་ཉུང་ཙམ་བླུགས་པའི་ནང་རུས་པ་ཡང་འཕེན། དེའི་ཁར་རྩ་སོག་བཀབ་ནས་ཤིང་ཁྲིའི་སྟེང་ཁོ་ཚོས་ཁ་ཟོ་ཟེར་བའི་ཟོམ་རྐུབ་མེད་ལྟ་བུ་ཞིག་འཇོག དེའི་ནང་བསྙལ་ཟིན་པའི་སྦང་མས་ཕྱེད་མཐོ་ཙམ་བཀང(ལ་ལར་ཁ་ཟོ་རེའི་ནང་འབྲུ་རྒྱ་མ་བཞི་བཅུ་ཡས་མས་ཤོང་བ་དང་། སྙོལ་རྫ་ཆེན་པོའི་ནང་འབྲུ་རྒྱ་མ་བརྒྱད་ཅུ་ཙམ་འཇུག་ཆོག་པས།ཕབས་ཐེངས་གཉིས་རེས་སྙོལ་རྫ་གང་རེ་རྫོགས་ཐུབ།)ཁ་ཟོའི་ལོགས་གཅིག་ཏུ་བུ་ག་ཡོད་ས་ནས་ཁོ་ཚོས་ཕྱི་རྡོལ་ཟེར་བའི་ཤིང་གི་སྦུ་གུ་ཞིག་ཐབ་ཀའི་ཕྱི་རུ་སྐྱོང་ཞིང་། གོ་ཟུར་གྱི་ཆང་ལྡིར་ལ་མཆུ་གཏོད། དེའི་ཡར་སྣེ་ཁ་ཟོའི་ནང་གི་ཤིང་ལེབ་ཟླུམ་པོ་ཤུར་མོ་མང་པོ་ཅན་ཞིག་སྦང་མའི་ཅུང་མཐོ་ས་ནས་བསེགས་བུས་བཞགས་པ་དང་ཐུག ཁ་ཟོའི་ཁར་ཁོ་ཚོས་པར་ཏེའམ་ཡམ་ཚེ་ཡང་ཟེར་བའི་ཁྲོ་ཆུང་ངུ་ཞིག་བཀབ་ནས། མཚམས་རྣམས་སུ་རས་ཀྱིས་དཀྲིས་པའམ་བྲ་བོའི་ལྗོན་གྱིས་ཞར་བ་བྱས་ཏེ་ཕྱིར་རླངས་པ་མི་གཏོང་ཞིང་། འོག་གི་ཆུ་ཁོལ་བས་སྦང་མ་བསྲོས་ཏེ་སྦང་མའི་དྲོད་རླངས་ཕྱིར་མ་ཐར་པ་པར་ཏེའི་རྐུབ་ན་ཆགས་ཤིང་མར་ཟགས་པ་ཕྱི་རྡོལ་ཡར་སྣེའི་ཤིང་ལེབ་གྱི་ཤུལ་མོ་རེ་རེ་བཞིན་སྦུ་གུ་ལ་འདུས་ཏེ་ཕྱིར་གོ་ཟུར་གྱི་ཆང་ལྡིར་ལ་གཤར་བ་ནི་ཆང་ངམ་ཨ་རག་བྱ་བ་དེ་གཞི་ནས་བྱུང་བ་ཡིན། པར་ཏེའི་ནང་ངེས་པར་ཆུ་འཁྱགས་པས་བཀང་ནས་འོག་གི་དྲོད་རླངས་ཀྱིས་ཚ་ཡོང་ན་སླར་ཡང་ཆུ་འཁྱག་ཏུ་བརྗེ་དགོས་པ་ལས་ཆང་ལ་དྲོད་ཕོག་ནས་སྐྱུར་འགྲོ་ཉེན་ཡོད།དེར་མཐུན་མེ་ཡང་ཆུང་ལ་རྒྱུན་མ་ཆད་པ་ཞིག་དགོས་པ་མ་གཏོགས་མེ་ཆེན་འབུད་པ་དང་། བེ་ལོ་སོགས་ཤིང་ངར་ཆེ་བའི་རིགས་སྤྱོད་ན། ཨ་རག་སྐྱུར་འགྲོ་བའམ་འཚིག་ཉེན་ཆེ་བ་ཡིན། བཙོ་དུས་ནི་ཕལ་ཆེར་ཆུ་ཚོད་ཕྱེད་ཙམ་ནས་ཆང་ཕྱི་རུ་འབུད་ཅིང་། ཆང་བཙོ་ཐེངས་རེར་ཆུ་ཚོད་གཉིས་ཙམ་ཐོགས། པར་ཏེའི་ནང་གི་ཆུ་འཁྱག་ལན་གསུམ་བཞི་ཞིག་བརྗེས་པའི་བར་བཙོ་ཆོག་ཀྱང་། ཐེངས་གསུམ་པ་བརྗེ་སྐོར་ནས་ཆང་ལ་ཁ་མྱོང་བྱེད་ཞོར་དུ་ཆང་དྲི་མེད་འགྲོ་ཚེ་བཙོ་མཚམས་འཇོག དབྱར་ཡིན་ན་འབྲུ་རྒྱ་མ་གང་ཕྱེད་ལ་ཆང་རྒྱ་མ་གང་ཙམ་དང་། དགུན་ནི་འབྲུ་རྒྱ་མ་དོ་རེར་ཆང་རྒྱ་མ་གང་ཙམ་ལས་མི་ཐོན་པ་སོགས་ཡུལ་དུས་བྱེ་བྲག་གི་ཁྱད་པར་ལག་ལེན་ཉམས་མྱོང་ལས་ཐོན་པ་ཡིན་ནོ།།

༤.ཆང་གི་དབྱེ་བ།

     སྔར་བཤད་པ་ལྟར་སྦང་མར་ཆང་རྩི་བཏང་ནས་སྙོལ་རྫ་ཆེན་པོའི་ནང་ལ་བསྙལ་བ་དེ། སླར་ཉིན་གཉིས་གསུམ་ལས་མ་འགོར་ནའང་ཆོག་པར་སྙོལ་རྫའི་གློ་ཟུར་དམའ་སའི་བུ་ག་ནས་ཁ་ལེབ་ཕྱུང་སྟེ། སྦང་མའི་ཁུ་བ་ཕྱིར་བཙགས་ཐོན་བྱུང་བ་ནི་ཆང་སྐྱུར་རམ་ཁོ་ཚོའི་ཡུལ་སྐད་དུ་ཆ་ཟབ་ཡང་ཟེར།དེ་ཁོ་ནར་བཏུང་ན་ཅུང་གར་ཆེ་བས་བསྐོལ་གྲངས་གིས་སླ་བར་བཏང་ནས་འཐུང་བས་ཁ་ཞིམ་ཆེ་ལ་འབྲུ་རིགས་གི་ཉིང་བཅུད་དེ་མ་ཐག་པ་གཞན་སླད་སྐྱོན་ཅི་ཡང་མེད་པ་སོགས་དགེ་མཚན་ལྷག་པར་ཆེ། གཞན་ཡང་དུས་དེ་མཚུངས་སུ་སྦང་མ་ཚུར་ཆང་ལྡིར་ཆེ་བ་ཞིག་ཏུ་བླུགས་ནས་བསྐོལ་གྲངས་བསྣན་པས་ཀྱང་ཆང་སྐྱུར་རམ་ཆ་ཟབ་དེ་བཞིན་འགྲུབ་པ་ཡིན། དེ་མིན་སྦང་མ་བཙིར་བའི་ཁུ་བར་བྱ་སྒོང་དང་སྦྲང་རྩི་ལྷན་ཅིག་བསྲུབས་ནས་འཐུང་བ། ཨ་རག་མར་ཁུའི་ནང་བསྲེག་སྟེ་སྣུམ་ཆང་བསྐོལ་བས། རླུང་ནད་དང་གྲང་པ་སོགས་ལ་ཕན་པ་འབྱུང་། དེ་ནས་གོང་སྨོས་ལྟར་ཆང་ཕབས་པ་སོགས་ཀྱང་གལ་ཏེ་རྩ་ཆེན་པོས་ནན་ཏན་ཏུ་ཆང་བཟང་པོ་དགོས་འདོད་ན་ཆང་རྩི་ཉུང་ལ་དུས་ཡུན་རིང་བར་བསྙལ་ནས། ལོ་ལ་བསྙལ་བའི་ལོ་ཆང་དང་། ཟླ་བར་བསྙལ་བའི་ཟླ་ཆང་ཞེས་སྔར་ནས་ཁ་དཔེ་ཡོད་པ་བཞིན་དུས་རིང་པོར་བསྒྲུབས་པས་རྩིས་ཆེ་པར་ཡོད་ལ། ད་ལྟ་ཡང་ཟླ་བ་ཁ་ཤས་ལ་བསྙལ་བའི་ཟླ་ཆང་ནི་ངེས་པར་ཡོད། དེ་བཞིན་དུ་གྲོ་དང་ནས་ལྟ་བུ་ཁར་འཇམ་ཞིང་ཞིམ་པ་ཡིན་ལ། མ་རྨོས་ལོ་ཏོག་ནི་ཅུང་ངར་ཆེ་བ་དང་། གཞན་འབྲུ་རིགས་ཕར་ཆེར་གྱིས་ཆང་བཙོ་བ་ཡིན་ལ། དེ་དག་བསྲེས་ཀྱང་ཆོག་གོ།

རྒྱལ་རོང་ཆང་གི་རིག་གནས།
རྒྱལ་རོང་ཆང་གི་རིག་གནས།

༥.ཆང་གི་སྣོད་སྤྱད།

     གནའ་སྔ་མོ་ཡིན་ན་རྫ་མའི་རིགས་ལས་གྲུབ་པའི་ཆང་གི་སྣོད་སྤྱད་དེ་ཅུང་མང་ཞིག་བྲག་སྟེང་རི་པ་གྲོང་ནི་རྫ་ཆས་ཆེད་བཟོའི་ཐོན་ཁུངས་གཙོ་བོ་ཞིག་ཀྱང་ཡིན། འདི་ནས་ཐོན་པའི་ཆང་གི་སྙོལ་རྫ་ཆེན་པོ་དང་། ཆང་རྫ་འབྲིང་པོ། འཐུང་རྫ་ཆུང་བ་སོགས་རིགས་བཟོ་ལྟ་འདྲ་མིན་ཡོད། ད་ལྟའང་ལག་རྩལ་དེའི་རྒྱུན་འཛིན་པ་ཡོད་པར་བཤད། དེ་བཞིན་ལི་དང་ཟངས་རག་ལས་གྲུབ་པའང་ཧ་ཅང་མང་། ང་ཚོས་བྲག་སྟེང་རྗེས་གྲོང་ནས་སྣོད་ཆས་རྙིང་པ་འདི་རིགས་འདྲ་མིན་སུམ་ཅུ་ཙམ་མཐོང་པ་ན། ལི་དང་ཟངས་རག་ལས་གྲུབ་པ་འབྱོན་ལེགས་སྤུས་དག་ཁྱད་མཚར་ཅན་ཕྱེད་ཀ་རེད་འདུག དེ་མིན་གསེར་དང་། དངུལ། གཡང་ཊི། རྫབ་ཡང་སོགས་ཀྱང་མང་ལ། ལྷག་པར་དུ་གནའ་ནས་ད་བར་བྲིན་ཆེ་ལ་ཁྱབ་ཆེ་བ་ནི་རྫབ་ཡང་དང་སེང་སྡེང་ཤིང་ལ་དངུལ་གྱིས་ཤན་ཆ་བརྒྱབ་པ་འདི་ཡིན་ཞིང་། ཚད་མཐོའི་སྐྱེམས་བཞེས་སོགས་ལ་མེད་ཐབས་མེད།དཀར་ཡོལ་ཡང་འགྲིམས་ཆེ་སྟེ། རྟགས་བརྒྱད་སོགས་རི་མོའི་ཁྱད་པར་གྱིས་མཚན་པའི་ནང་དོན་རྒྱ་ཆེན་པོ་ཡོད་དོ།།


  • ལེ་ཚན་སྔོན་མ།:ཝ་མོ་དང་རྒང་དང་སྦལ་བ་གསུམ་གྱི་གཏམ་རྒྱུད།
  • ལེ་ཚན་རྗེས་མ།:བག་མའི་རྟ་ཁ་ལེན་དུས་ཀྱི་བཤད་པ་།