ཝ་མོ་དང་རྒང་དང་སྦལ་བ་གསུམ་གྱི་གཏམ་རྒྱུད།

        2018-04-18

ཝ་མོ་དང་རྒང་དང་སྦལ་བ་གསུམ་གྱི་གཏམ་རྒྱུད།

      ཝ་མོ་དང་རྒང་དང་སྦལ་བ་གསུམ་པོ་མཉམ་དུ་འགྲོ་བའི་ལམ་དུ་མར་རྡོག་པོ་གཅིག་རྙེད་བྱུང་བ་རེད།

      སྦལ་བ་ན་རེ“སྐལ་གསུམ་དུ་བགོས་ཏེ་མི་རེས་སྐལ་རེ་ཟ”ཟེར། དེར་རྒང་ཡིད་འཐད་པ་བྱུང་ཡང་། ཝ་མོས་མར་དེ་རང་གཅིག་པུས་ཟ་འདོད་པས་ཡིད་མ་འཐད། ཁོས་ཐབས་ངན་ཞིག་རྒྱུད་ལ་སྐྱེས་ནས“འདི་ན་ས་དོང་ཞིག་ཡོད། སུ་ས་དོང་ནང་དུ་མཆོངས་པ་སྔ་བ་དང་། དོང་ཁར་ཡང་མཆོངས་པ་སྔ་ན། མར་ཁོ་ལ་སྟེར”ཟེར། རྒང་གིས་ཐོས་ནས་ས་དོང་གི་མཐའ་འཁོར་དུ་བསྐོར་ཞིང་དོང་ནང་མཆོང་གྲབས་བྱེད།ཝ་མོ་ཡང་རྗེས་དེད་ནས་དོང་གི་འགྲམ་དུ་སོང་།སྦལ་བ་ནི་འཚབ་འཚུབ་མེད་པར་དལ་མོར་ཝ་མོའི་རྗེས་དེད་ནས་སོང་།སྦལ་བའི་བསམ་པར་ཝ་མོས་ས་དོང་ནང་ནས་ཡར་མཆོང་སྐབས། ངེས་པར་དུ་རྔ་མ་ཡར་འགྱོག་རྒྱུ་རེད་བསམས་ནས་ཝ་མོ་ས་དོང་གི་འགྲམ་ལ་སླེབས་ཚེ། སྦལ་བས་ཝ་མོའི་རྔ་མ་ལ་དམ་པོར་འཇུས། སྦལ་བ་ཝ་མོའི་ཤུགས་ལ་བརྟེན་ནས་སྔོན་དུ་ས་དོང་ལ་མཆོངས་ཤིང་། ཝ་མོའི་སྔོན་དུ་ས་དོང་གི་ཁ་ལ་བུད།

      ཝ་མོ་ཐབས་དེ་ལས་ཕམ་ཡང་མར་དེ་རང་ལ་འཐོབ་འདོད་ཀྱི་བསམ་པ་འགྱུར་མེད་པས། འདང་བརྒྱབ་ནས་ཐབས་གཞན་ཞིག་ཡིད་ལ་ཤར་ཏེ་ན་རེ“ངེད་གསུམ་པོའི་ནང་ནས་སུ་ལོ་ཆེ་ན། མར་དེ་ལ་གཏོགས”ཟེར། རྒང་གིས“ང་ལོ་བརྒྱ་ཐམ་པ་ཡིན”ཟེར། ཝ་མོས“ང་ལོ་སྟོང་གཅིག་ཡིན”ཟེར། སྦལ་བ་སེམས་སྐྱོ་ནས་ངུས།རྒང་དང་ཝ་མོས་ཅི་ཡིན་མ་ཤེས་པར“ཁྱོད་ཅི་ལ་ངུ”ཞེས་མགྲིན་གཅིག་ཏུ་དྲིས་པ་ལ། སྦལ་བས“ངའི་བུ་ཆེ་བ་མི་ཤི་རྒྱུ་ན། ཝ་མོ་ཁྱོད་དང་ན་ཟླ་རེད། ངའི་བུ་ཆུང་བ་མི་ཤི་རྒྱུ་ན། རྒང་ཁྱོད་དང་ན་ཟླ་རེད”ཟེར།ཚིག་དེས་ཝ་མོ་དང་རྒང་ནི་སྦལ་བའི་བྱིས་པ་ལ་དཔེ་བྱས་པས། ཝ་མོ་དང་རྒང་ལ་བཤད་རྒྱུ་མ་བྱུང་བས་ཡང་ཕམ་སོང་།

      ཝ་མོས་བསམ་བློ་ཞིག་བཏང་ནས་ཡང་འགྲན་ཐབས་ཤིག་རྙེད་དེ།“སུ་ཞིག་ཆང་གིས་བཟི་སྔ་ན། དེ་ལ་མར་འདི་དབང”ཟེར། རྒང་གིས་ངས“ངས་ཆང་ཕོར་བ་གང་འཐུང་ན་བཟི་འགྲོ”ཟེར། ཝ་མོས“ངས་ཆང་དྲི་བསྣམས་པ་ཙམ་གྱིས་བཟི་འགྲོ”ཟེར། སྐབས་དེར་སྦལ་བས་ལུས་ཕུང་ཡམ་མེ་ཡོམ་མེ་བྱས་ནས་བཟི་མདོག་བསྟན།རྒང་དང་ཝ་མོས“ཁྱོད་ལ་ཅི་བྱུང་། ར་རོར་གྱུར་པ་ཅིས་ཉེས”དྲིས་པས། སྦལ་བས“ངས་གཞན་གྱིས་ཆང་བཤད་པའི་སྒྲ་ཐོས་པ་ཙམ་གྱིས་བཟི་འགྲོ”ཞེས་སྐད་མཐོན་པོས་བཤད། དེ་ནས་རྒང་དང་ཝ་མོ་གཉིས་ཀྱིས་ལན་འདེབས་རྒྱུ་མ་བྱུང་བས་ཡང་ཕམ་སོང་།

མཐར་མར་དེ་སྦལ་བ་ལ་ཐོབ་པ་རེད། །


  • ལེ་ཚན་སྔོན་མ།:བོད་ཀྱི་རིགས་རུས་སོ་སོའི་བླ་ཟོག
  • ལེ་ཚན་རྗེས་མ།:རྒྱལ་རོང་ཆང་གི་རིག་གནས།