དྲན།

ལི་སྨད་ཉི་གཞོན།        2018-07-06

དྲན་གདུང་གོར་གོར་འདྲ་ཡང་གོར་གོར་མིན། དྲན་གདུངཟུར་གསུམ་འདྲ་ཡང་ཟུར་གསུམ་ཡང་མིན། དབྱིབས་གཟུགས་སྣ་མང་དང་ཁ་དོག་སྣ་ཚོགས་ལས་གྲུབ་པའི་དྲན་གདུང་ཞིག སེམས་ཀྱི་གཏིང་རིམ་ལ་ལྗིད་ཏིག་གེར་ལྷུང་བའི་དྲན་གདུང་ཞིག ཀླད་པའི་ནང་རོལ་ལ་དལ་ཅག་གེར་འཁྱིལ་བའི་དྲན་གདུང་ཞིག མདོར་ན་དབང་བོ་རྣམ་ལྔ་ཡུག་གཅིག་ཏུ་བསྡུ་བྱེད་ཀྱི་སེམས་བྱུང་གི་ནུས་ཤུགས་ཁྱད་འཕགས་ཤིག

ཁོག་ན་ནད་རྙིང་བཞིན་རབ་ཏུ་ནོན་པའི་དྲན་གདུང་།ངག་ན་སྡིག་དམོད་བཞིན་ཁྲོལ་བར་དཀའ་བའི་དྲན་གདུང་།

ལོ་ཟླ་སྔས་སུ་བཞག་ཅིང་འཚོ་བའི་འཇིང་ལ་འཐིམས་ཀྱང་། ངས་སྔར་བཞིན་ཁྱེད་རང་དྲན་བྱུང་། དྲན་པའི་སེམས་པ་འདི་ཁྱེད་དང་མཉམ་དུ་དུས་སྟོན་ལ་རོལ་ཅིང་། དྲན་པའི་སྙན་ངག་འདི་ཁྱེད་ཀྱི་ཆེད་དུ་རྒྱང་རིང་ལ་སྤྲིངས་ཡོད།

ཚོར་བའི་འཇམ་རྩུབ་ལས་མཆེད་པའི་དྲན་གདུང་ཞིག་ཤུགས་ཀྱིས་འབར་ཡང་། མུན་ནག་གི་རྔམས་ཟིལ་ལས་ཁེར་རྐྱང་གི་དངངས་སྐྲག་ཅིག་ངང་གིས་འཕེལ་བྱུང་།

དྲན་གདུང་སེམས་ཀྱི་ནད་ཡིན། དེ་སངས་ཐབས་ཟེར་བ་དཀའ་མོད།

  • ལེ་ཚན་སྔོན་མ།:ཀུ་མཱ་ར།
  • ལེ་ཚན་རྗེས་མ།:རུ་སྡེ།