ལོ་ཤུལ་བཀྲ་ནོར། 2018-07-06
རི་ཚོགས་ཀྱི་གཤོག་པ་མཁའ་མཐར་བརྐྱངས་ཤིང་།
དྭངས་ཆུ་ཡི་བཞུར་དབྱངས་སྣོད་བཅུད་ལ་སིམ་དུས།
མེས་པོའི་བློ་ཁོག་ནས་འཁྲུངས་པའི་སྦྲ་
ནག་གི་ཆོན་མཐའ་རུ།
ལྡིར་བའི་དབྱངས་ཤིག་དལ་གྱིས་མཆེད་པ་དེ།
འབྲི་མོའི་ངུར་དབྱངས་ཅི་ལ་མིན།
འཇམ་པོའི་གདངས་ཤིག་རིམ་གྱིས་འཇེབས་པ་དེ།
མེས་མོ་ནས་བླངས་བའི་འབྲོག་མོའི་གླུ་སྐད་རེད།
ད་དུང་།
རླུང་བུས་བྱིལ་བྱིལ་བྱས་པའི་སྒོ་དར།
ཉི་འོད་ཀྱི་བྱིན་རླབས་ལས་བཙོས་པའི་སྦྲ་གུར།
རྒས་འཁོགས་ཚོའི་རུས་རྐང་ལ་ཐིམ་པའི་
འཚོ་གཞིས་དག་ནི།
ཡུལ་འདིའི་མཛེས་སྡུག་གི་མཛེས་སྡུག་ཏུ་སྣང་ལ།
མྱི་སེམས་ཀྱི་ཚོར་རླབས་ཡོམ་དུ་འཇུག་པའི་བདེ་ཞིང་དུ་གནས།
གནའ་བོའི་འགྲོ་བས་བཏོད་པའི་རྐང་ལམ་དེ།
སྲིད་པའི་ལོ་ཟླར་ཚུགས་པའི་རྫ་རི་དེ།
ཉི་ཟླའི་མཛེས་སྡུག་འཐུ་བའི་རྩྭ་ཐང་དེ།
འཚོ་བའི་ཡང་ཕུགས་གསལ་བའི་ཁྱིམ་གཞིས་དེ་དང་།
རྨི་ལམ་གྱི་རྩ་བར་བཟུང་བའི་བྱིས་པ་ཚོ་དང་།
འཚོ་གཞིས་ཀྱི་རྐང་ལ་ཟུག་པའི་མ་སྲུ་དང་སྟག་ཤར་ཚོ་ནི་
སྐྱེ་འཆི་གང་དུའང་།
ངའི་རུ་སྡེ་ཁྲ་མོ་ཡིན་ལ།
བརྩེ་དུང་དང་འཚོ་བ།
དད་འདུན་དང་བློ་སྤོབས།
སྐད་ཆ་དང་སྙན་ངག་ཀྱང་ཡིན་སྲིད།
རྩོམ་གསར། 10