ཕམ་ཁའི་བུ་མོར་རྒྱལ་ཁའི་ལྷ་སྲས་འཁྲུངས།

ཚེ་རིང་གཡང་སྐྱབས།        2018-07-04

སྐྱ་མདའ་བཏང་སོང་།

རྨི་ལམ་སད་སོང་།

རེ་བའི་འདུན་པ་དཔྱིད་གསུམ་མེ་ཏོག་འདྲ།

བར་ཆད་ངན་པ་དགུན་ཁའི་གྲང་ངར་བཞིན།

མངོན་སུམ་དམར་རྗེན་དུ་བུད་དུས།

ཡིད་ཀྱི་ཨ་ཐང་ཆད།

སེམས་པའི་གཏིང་རུམ་ནས་འཕྲོས་པའི་ཨུ་ཚུགས་

ཀྱི་འོད་ཟེར་ལའང་།

རེ་ཐང་དུམ་བར་ཆད་པའི་སྤྲིན་ནག་ལང་ལོང་གིས་

རབ་ཏུ་བསྒྲིབས།

འདི་ནི་གནམ་ས་གས་ལ་ཉེ་བའི་ཆག་སྒོ་ཞིག་དང་།

དབུགས་ཀྱི་རྒྱུ་བ་འགགས་པའི་ན་ཟུག་ཅིག་ཅི་ལ་མིན།

འོན་ཀྱང་།

མི་ཚེ་ནི་དགའ་སྐྱོ་ཆགས་སྡང་ལས་གྲུབ་པའི་ཕུང་པོ་

ཞིག་ཡིན་ངེས་ལ།

རྒྱལ་ཕམ་འདྲེས་མར་སྣང་བའི་མུ་འབྲེལ་ཟློས་གར་

ཞིག་ཀྱང་ཡིན་ངེས་པས།

ལྭ་བའི་སྐེད་རགས་ཡང་བཅིང་དང་ལྷམ་གྱི་སྒྲོག་གུ་

ཡང་བསྡོམས་ཤིག་གིས།

རེ་བའི་མཐའ་རེ་བས་བསྲིངས་ལ།

ཨུ་ཚུགས་ཀྱི་མཐའང་ཨུ་ཚུགས་ཀྱིས་བསྲིངས་ན།

ཕམ་ཁའི་བུ་མོར་རྒྱལ་ཁའི་ལྷ་སྲས་འཁྲུངས།


  • ལེ་ཚན་སྔོན་མ།: སེམས་ཀྱི་སྨོན་པ།
  • ལེ་ཚན་རྗེས་མ།:ཁྱེད་རང་དྲན་པ།