ལམ་འགྲོ་བ།

ས་དབྱངས་གྲོལ།        2018-06-11

རུས་རྐང་གི་འདབ་མ་ག་ལེར་འབུས་ཤུལ་དང་།

ཤ་ཁྲག་གི་མེ་ཏོག་རིམ་བཞིན་བཞད་ས་ནས།

གབ་ཚིག་ལྟ་བུའི། རྟོགས་ཐབས་བྲལ་བའི།

ཐ་སྙད་རུམ་གང་སེམས་སུ་སྦས་ཏེ།

རྒྱང་རིང་རྒྱང་རིང་ཞིག་ལ་ལམ་འགྲོ་བའི་བློས་བསླངས་བྱས།


རྒྱང་རིང་དང་ཕུགས་བསམ་སེམས་ཀྱིས་འཚོས་ཤིང་།

ཉི་འོད་དང་ནམ་མཁའ་ལག་པས་གཉོར་གྱིན།

རྒྱང་སྐྱོད་ཀྱི་གོམ་པའི་གདེགས་འཇོག་བར་ནས།

མི་ཚེའི་གོ་རིམ་ལ་ལས་ཀྱིས་དབུ་ཁྱུད་བྲིས།


དུས་ཚོད་དང་བསྡོངས་པའི་ལྗིད་ཏིག་ཏིག་གི་གསང་བ་ཁུར་ཏེ།

འཚོལ་སྙེག་གི་རྐང་ལམ་རྡོག་པས་བརྫིས་པ།

མི་ཚེའི་ལམ་ཡིག་ཏུ་དཔར་བའི་ངང་ཚུལ་ཡིན་ཚེ།

སེམས་ཀྱི་རྨི་ལམ་མང་པོ་ཡིད་ཀྱི་གཙང་བོ་རུ་འདྲེས་སྟངས།

དགའ་སྐྱོའི་གཏམ་རྒྱུད་ཀྱི་རི་མོ་སེམས་ཀྱིས་བཀླགས་ནས།

རང་ངོ་རང་གིས་ཟིན་པའི་གོ་རིམ་ཧྲིལ་བོ་ཞིག


འགྲུལ་བཞུད་ཀྱི་གྲུ་ཁ་གང་རུང་ཞིག་ནས།

འཁྲེང་ཞེན་དང་བློས་བསླངས་ཁོ་ནས།

ཕ་ཡུལ་དང་ཕ་མ་བསམ་ཐེངས་རེར།

ཞེན་ཆགས་ཀྱི་ངོས་སུ་འབྱར་བའི་ཐ་སྙད་འདི་དག

ཅི་འདྲའི་མིག་ལ་གཟན་ཞིང་ཡིད་ལ་ཐོགས་པའི།

མིག་ཆུ་སློང་བྱེད་ཀྱི་དྲན་ཤིང་རྩུབ་མོ་ཞིག་རེད་ཨང་།


གློ་སྙིང་གི་སྣེ་མོར་བཏགས་པའི་དྲན་པ་མཐུག་པོས།

མཐོང་ལམ་གྱི་ཡོད་ཚད་འགུལ་བར་བྱས་ཤིང་།

སྐྱོ་གདུང་དང་སྡུག་ཡུས་མཐའ་དག་མིག་ཆུ་རུ་གྱུར།

མིག་ཆུ་སླར་ཡང་སེམས་ཁོང་དུ་འཐག་དགོས་པ།

ལས་དབང་བཙན་པོ་གང་ཞིག་གི་བཀའ་ཆད་ཡིན་སོང་།

མི་སེམས་ཀྱི་རབ་ཁ་དུམ་བུར་བཅད་དྲགས་པས།

དུས་ཀྱི་རྨི་ལམ་མང་པོ་གྲང་འཁྱག་གིས་ཕྱིད།


མིག་ཆུས་མགྲིན་པ་བརྣངས་པའི་ལོ་ཟླ་འདི་དག

ང་ཡིས་ལུས་སུ་གྱོན་ཞིང་ཐོད་པར་དཀྲིས་ཚུལ།

ཕུགས་བསམ་གྱི་ཉི་འོད་གང་ཞིག་གདོང་གིས་བསུ་སྟངས་ཤིག

རྨི་ལམ་གྱི་ལམ་འགྲོ་གང་ཞིག་སེམས་ཀྱིས་རུམ་སྟངས་ཤིག


རྒྱལ་ཕམ་དང་ཐོབ་ཤོར་གྱི་འགྲུལ་བཞུད་ཁྲོད་ནས།

རྡོག་ལམ་གྱི་ཚེར་མས་མ་ཐེག་པའི་རྨ་ཁ་གཏོད་ཀྱང་།

སྟོང་འདང་དང་རྟོག་འཆར་གྱིས་བཞེངས་པའི་མི་ཚེ་ཧྲིལ་བོས།

བཞུར་འོང་བའི་ལོ་ཟླ་ག་ཚོད་ཅིག་ལ་གདོང་གཏད་བྱ་དགོས།

གབ་འོང་བའི་རྨི་ལམ་ག་ཚོད་ཅིག་ལ་ལྷན་པ་བརྒྱབ་དགོས།


ལོ་ཟླ་ཞག་ལ་བརྒྱུས་པའི་རྒྱང་རིང་དེ་ནས།

ངས་རུམ་བཞིན་པའི་རྒྱང་རིང་དེ་མཐོང་མ་བྱུང་།

ངས་འཚོལ་བཞིན་པའི་ཕུགས་བསམ་དེ་རེག་མ་བྱུང་།

རང་སེམས་ལ་གད་བདར་ཡུག་ཅིག་བྱས་ཀྱང་།

ལོ་ཟླའི་གཡུལ་ཇུས་ཀྱིས་ང་རང་རབ་ཏུ་བཟི་བས།

དུས་ཚོད་ཀྱི་མདའ་ཁ་ན་ངལ་ཞིང་དུབ།


མཐའ་མཇུག་གི་འབབ་ཚུགས་དེའི་གོང་ཁ་ནས།

ཆོ་ལོའི་རྡོག་ཁྲེས་ལྕི་མོས་ནང་སེམས་ལ་ཡང་ཡང་བྲབས་དུས།

ངས་ཅི་ཞིག་ཐོབ་སོང་སྙམ་པའི་རེག་ཟིག་དང་།

ངས་གང་ཞིག་བོར་སོང་བསམ་པའི་སེམས་ཚོར་འདིས།

རྟོགས་དཀའ་བའི་སྙན་ངག་ཅིག་གི་འགྲེལ་བཤད་ཇི་བཞིན།

རང་ཉིད་ལ་ཐོད་རྒལ་གྱི་དྲི་རྟགས་ནེམ་གྱིས་བཀོད་ཡོང་།


མི་ཚེ་ནི་ལམ་འགྲོ་བ་ཞིག་གི་རྒྱབ་ལྗོངས་སུ་དཔར་ཟིན་དུས།

ཕྱིར་མིག་ཀློང་གི། མིག་ཆུ་མོད་པའི།

གྲང་འཁྱག་གིས་བརྡར་བའི་ལོ་ཟླའི་ཕྲེང་རྡོག་ཟད་པོ་རེ་རེ།

ཕུགས་བསམ་གྱིས་རང་ཉིད་བྲན་དུ་བཀོལ་བའི།

ཕྱི་གསལ་ནང་གསལ་ལྟ་བུའི་ན་ཟུག་རེ་རེ་ཡིན།


  • ལེ་ཚན་སྔོན་མ།:ཕ་ཡུལ་དང་ཕ་མ།
  • ལེ་ཚན་རྗེས་མ།:སི་བོད་སློབ་གླིང་ལ་ཕུལ་བའི་བསྟོད་ཚིག་མེ་ཏོག་མགུལ་མ།