སི་བོད་སློབ་གླིང་ལ་ཕུལ་བའི་བསྟོད་ཚིག་མེ་ཏོག་མགུལ་མ།

ཀོ་གྲུ།        2018-06-14

ལྗོན་ཤིང་མེ་ཏོག་འཕྱུར་བའི་མཛེས་སྡུག་གི་ཞིང་ནས།།

ལོ་རྒྱུས་རི་ལ་སྤུངས་པའི་དུས་རབས་ཀྱི་ཉི་ཟེར།།

སྲིད་པའི་སོ་ཁར་འཆར་བ་ཚེ་སྲོག་གི་ས་བོན།།

གངས་རིའི་ཕང་བར་བཏབ་པའི་གཟི་བྱིན་དེ་དྲན་བྱུང་།།

 

ལྔ་ཟུང་རིག་པས་བསྙལ་བའི་ལོ་ཆང་གི་བདུད་རྩི།།

བཏུང་འདོད་བརྩོན་པས་བྲེལ་བའི་དགེ་རྒན་དང་སློབ་མ།།

འདབ་བརྒྱ་ལྷུག་པོར་གྲོལ་བའི་པད་ཚལ་གྱི་དབུས་སུ།།

འཕུར་ལྡིང་གར་ལ་རོལ་བའི་སྦྲང་ཚོགས་དང་འདྲ་བྱུང་།།

 

ཚེ་སྔོན་ལས་ཀྱིས་བྲིས་པའི་སྐྱིད་སྡུག་གི་ཁ་ཡིག།

སློབ་གླིང་འདི་ལ་བཞག་པ་བསོད་ནམས་སུ་བསྒོམ་ཡང་།།

ལོ་གསུམ་དུས་ཀྱིས་བསླེས་པའི་རྨི་ལམ་གྱི་ཞྭ་མོ།།

ནམ་ཞིག་སྐྱུར་རྒྱུ་བསམ་ན་མིག་ཆུ་རང་འཁོར་བྱུང་།།

 

དབྱངས་གསལ་ལྗོན་པར་སྤྲུལ་བའི་རིག་གཞུང་གི་ལོ་མ།།

གངས་རིའི་སྒོ་དར་གཡོ་བའི་རླུང་བུ་ལ་བསྐྱོན་ན།།

འཁོར་བའི་ཚངས་ཐིག་གཅོད་པའི་འོད་ཟེར་གྱི་ལམ་ཆེན།།

འདི་ནས་རྒྱང་ལ་ཟུག་པས་འགྲོ་རྒྱུ་ཞིག་བྱུང་ན།།


  • ལེ་ཚན་སྔོན་མ།:ལམ་འགྲོ་བ།
  • ལེ་ཚན་རྗེས་མ།:མདུན་སྐྱོད་ལམ་ལ་སྐུལ་བའི་སྙིང་གཏམ།