རྡོ་དཀར། 2018-05-23
ཀ་བ་གདུང་ལྕམ་མེད་པའི་ནོར་འཛིན་གྱི་པང་ནས།།
ཁ་བའི་དུས་ཀྱི་གྲང་ངར་བཟོད་པ་དེ་དབེན་ཀྱང་།
ག་བུར་དྲི་ངད་འཐུལ་བའི་སྤང་ལྗོངས་ཀྱི་ཁྱོན་འདིར།།
ང་ཚོའི་རེ་བའི་དཔྱིད་དཔལ་སླེབས་རན་ལ་ཉེ་འདུག།
ཅ་ཅོའི་གཏམ་ལ་མ་ཆགས་རོང་པ་ཡི་ཚོགས་དག།
ཆ་ཚང་ཞིང་ས་གྲུ་བཞིའི་རྨོ་འདེབས་ལ་རེམ་དང་།།
ཇ་ཁ་མཐུག་པོ་འཐིབས་སའི་རྒྱང་རིང་གི་གནམ་མཐར།
ཉ་མོ་འཁྱུག་འདྲའི་གློག་གིས་སྣང་ཆར་ལ་བསྐུལ་བྱུང་།།
ཏ་ལྟའི་ཡུལ་འདིར་སྤྲོ་བའི་སྦྲང་ཆར་རེ་སྩོལ་བཞིན།།
ཐ་ཆུང་དགུན་གྱི་གྲང་ལྷགས་རྒྱང་རིང་དུ་སྐྱེལ་ཞིང་།
ད་ལམ་དཔྱིད་རླུང་འཇམ་པོའི་བསིལ་ཟེར་གྱི་ཀློང་ནས།།
ན་གཞོན་གསར་བའི་དཔྱིད་འཛུམ་སྤྲོ་བཞིན་དུ་བསུ་འོང་།།
པ་སངས་ལྟ་བུའི་དད་ལྡན་བོད་རིགས་ཀྱི་ཚོགས་ཀྱིས།།
ཕ་ལམ་རྡོ་རྗེ་ལྟ་བུའི་འགྱུར་མེད་ཀྱི་སེམས་པ།།
བ་དམ་ཁོག་རུལ་ལྟ་བུའི་ཕྱི་ཚུལ་ཙམ་མིན་པར།།
མ་བོས་མགྲོན་ལ་སླེབས་པའི་དཔྱིད་དཔལ་ལ་ཕྱོགས་ཡོད།།
ཙ་བོ་སོགས་ཀྱི་མྱུ་གུ་ས་སྟེང་དུ་འབུས་དུས།།
ཚྭ་མེད་ཚོད་མའི་ཟས་སྣ་ཇེ་མང་དུ་འཕེལ་བས།།
ཛ་ལུང་ཡུལ་གྲུར་གནས་པའི་འབྲོག་པ་ཚོའི་ཡིད་སེམས།།
ཝ་ལེར་དཔྱིད་ཀྱི་དཔལ་མོའི་དགའ་སྟོན་ལ་ཆས་སོང་།།
ཞྭ་གོས་ལྷམ་སོགས་སྲབ་ཀྱང་གྲང་བ་ལ་མི་དོགས།
ཟ་འཐུང་གཤེར་ཁུའི་རིགས་ཡང་འཁྱག་པ་རུ་མི་འགྱུར།།
འ་ཅག་དགའ་བའི་དཔྱིད་ཀྱི་རྣམ་པ་དེ་འདི་ལྟར།།
ཡ་ཆུང་སེམས་དང་མཐུན་པའི་དུས་ཚིགས་ཤིག་རེད་འདུག།
ར་བ་གངས་ལས་བྱས་པའི་བསིལ་ལྡན་གྱི་ལྗོངས་འདིའི།།
ལ་ལུང་ཀུན་ན་གྲང་རླུང་བཙན་པོ་རེ་སྲིད་ཀྱང་།།
ཤ་བཞིན་དཀར་བའི་དཔྱིད་ཀྱི་དཔལ་ཡོན་དེ་བཞད་དུས།།
ས་གཞིའི་གྲང་རླུང་བཙན་ཁ་ཇེ་འཇམ་དུ་འགྱུར་ཐལ།།
ཧ་ཧ་དཔྱིད་ཀྱི་དུས་འདི་ལྷ་ཡུལ་ལས་ལྷག་ཀྱང་།།
ཨ་ཉོག་ཆུང་ཆུང་ཞིག་གི་གཏམ་ཉོག་ལྟར་བྲིས་སོང་།།
རྩོམ་གསར། 10